མི་ཡི་མི་ཚེ་དབྱར་ཟླ་སྐྱིད་ཀྱི་ནང་།།
དུང་ཞེན་མེ་ཏོག་བཞད་པའི་གོ་རིམ་དང་།།
མཛའ་བརྩེའི་སྤྲིན་དཀར་རྒྱུ་བའི་ངང་ཚུལ་སོགས།།
བསུབ་མེད་སེམས་ཀྱི་ངོས་སུ་ཡང་ཡང་འཆར།།
ཕྱི་རོལ་རྡུལ་རླུང་དྲག་ཏུ་འཚུབ་ན་ཡང་།།
ནང་གི་དྲན་པའི་གཤིས་སུ་གབ་པ་ཡི།།
འདས་དོན་སྣ་ཚོགས་རྟོག་འགྱུའི་རི་མོ་དང་།།
ཕན་ཚུན་འདྲེས་ཏེ་སྣང་བའི་ཁམས་སུ་འཕྱོ།།
ལོ་ཟླའི་གཙང་པོ་རྒྱང་དུ་བཞུད་ཤུལ་དུ།།
ལས་ཀྱི་ཐག་པས་སོ་སོར་འཐེན་རྗེས་སུ།།
འཚོ་བའི་གྲིབ་གཟུགས་ཅི་དང་ཅི་ཡང་འབྱུང་།།
མི་ཚེའི་ལམ་གྱི་སྣེ་མོ་ཕྱོགས་གཉིས་གྱེས།།
མིག་གི་བུང་བ་གཞན་ཕྱོགས་མི་གཡོ་བར།།
སེམས་ཀྱི་སྤྲིན་དཀར་ལྷོ་རུ་མི་རྒྱུ་བར།།
བཀྲ་ཤིས་ཤར་གྱི་གནས་སུ་བཞུགས་པ་ཡི།།
ཆུང་གྲོགས་ཁྱོད་ཀྱི་ཕྱོགས་སུ་འཁོར་ནས་ཡོད།།
ལུས་ཀྱི་བར་ཐག་རི་ཆུས་བཅད་ན་ཡང་།།
སེམས་ཀྱི་བར་ཐག་བརྩེ་བས་སྦྲེལ་ནས་ཡོད།།
རྟག་བརྟན་འགྱུར་མེད་ཞེ་བློའི་དྲོད་ཐིགས་འོག།
རང་རང་འཚོ་བའི་འདུན་པ་བསྐྲུན་དང་ཆོག།
༼ འཇོ་མདའ་པདྨ། ༽