国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དང་ཡུལ་སྡེ་དར་རྒྱས་བར་འབྲེལ་མཐུད་ནུས་ལྡན་ཡོང་བའི་དཔྱད་དཔོག་དང་གནད་དོན་དག་ཐེར་ལས་སྐུལ་ཚོགས་འདུ་འཚོགས།

( པར་ངོས་དང་པོར་མཐུད།)

ཚོགས་འདུའི་ཐོག་བསྟན་དོན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་ཡུལ་སྡེ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་རྒྱུ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”ལས་དོན་གྱི་གཙོ་གནད་ལ་དམིགས་པའི་ལོ་རྒྱུས་རང་བཞིན་གྱི་སྤོ་བསྒྱུར་བྱས་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་ང་ཚོས་ཡུལ་སྡེ་དར་རྒྱས་ཀྱི་ལས་དོན་ཁག་སྐུལ་འདེད་གཏོང་བའི་རྩ་བའི་བསྲུང་བྱ་མཁོ་འདོན་བྱས་ཡོད། ཚོགས་ཐོག་ཏུ་ད་དུང་ན་ནིང་རང་ཁུལ་གྱི་དཔྱད་ཞིབ་དང་དཔྱད་དཔོག་སོགས་ཀྱི་རིམ་པ་ལས་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱུང་མེད་པ་དང་།རོགས་སྐྱོར་བྱ་ཐབས་མི་འདང་བ། ལས་ཀའི་ཕན་འབྲས་མངོན་གསལ་དོད་པོ་མེད་པ་སོགས་ཀྱི་གནད་དོན་མངོན་ཡོད། རིམ་ཁག་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་མཐོང་ཆེན་བྱས་ནས་ཤུགས་ཡོད་རྒུས་དག་ཐེར་བཅོས་སྐྱོང་རིམ་སྤར་ལས་ཀ་ཁག་ནན་འཛིན་ཞིབ་འཛིན་ལེགས་འཛིན་བཅས་བྱ་དགོས།

ཚོགས་འདུའི་ཐོག་གཙོ་གནད་ལས་འགན་ལ་དམིགས་ཏེ་ཡུལ་སྡེ་དར་རྒྱས་གཏང་རྒྱུར་སྐུལ་འདེད་ཧུར་ཐག་གཏང་དགོས་པ་དང་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏང་དགོས་པ། གྲོང་སྡེའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བར་སྐུལ་འདེད་གཏང་དགོས་པ། སྡོད་གནས་སྐྱིད་ཅིང་ལས་རིགས་འཚམ་པ།འཆམ་མཐུན་མཛེས་སྡུག་ལྡན་པའི་ཡུལ་སྡེ་འཛུགས་སྐྲུན་ཡག་པོ་བྱ་དགོས་ཞེས་བླང་བྱ་བཏོན།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བྱ་རྒྱུ་ནི་ཡུན་རིང་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པས་ལས་ཀའི་འགན་ལེན་ལ་ཤུགས་ཏན་ཏིག་བརྒྱབ་ནས་ལས་ཀའི་མཉམ་ཤུགས་སུ་ཆགས་ཐུབ་པར་ཁག་ཐེག་བྱ་དགོས། ལས་ཀའི་འགན་འཁྲི་དམ་དུ་གཏང་དགོས་པ་དང་། སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་དགོས་པ། ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས།

ཚོགས་འདུའི་ཐོག་ད་དུང་རང་ཁུལ་ལ་ཉེ་དུས་སུ་ས་ཆ་མང་པོར་ཐལ་དྲགས་པའི་གནམ་གཤིས་ཡང་ཡང་ཐོན་པས། ས་གཤིས་ཀྱི་གནོད་འཚེ་ཐོན་སླ་བའི་ཉེན་ཁར་དཔྱད་གཅོད་བྱས་པ་རེད། རིམ་ཁག་དང་སྡེ་ཚན་སོ་སོས་གནོད་འགོག་གནོད་སེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་།དེ་བཞིན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་རྒྱུར་ཤུགས་བརྒྱབ་སྟེ་ཆུ་ལོག་འགོག་ཟོན་གྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱ་དགོས་ཞེས་ནན་བཤད་བྱས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)