དྭངས་གསལ་མཚོ་མོ་འཁྱིལ་བའི་འགྲམ་ངོགས་དེ་ན། །
ཚོར་བའི་དབྱངས་ཀྱི་རྒྱུད་སྐུད་སེམས་སུ་འཁྲོལ་ཏེ། །
ཚོགས་དྲུག་སྣང་བའི་དབྱངས་རྟ་ངག་ནས་གྱེར་བཞིན། །
འགྱུ་དྲན་དགའ་སྐྱོ་མོད་པོ་གླུ་རུ་བླངས་ཡོད། །
ཀུན་གསལ་ཆུ་འཛིན་འཁྲིགས་པའི་ལྡིང་ཁང་དེ་ནས། །
རབ་མཛེས་ཆུ་ཤེལ་དྭངས་མའི་མཛེས་སྡུག་མངོན་ཏེ། །
རྒྱ་ལྕང་འདབ་ལོ་དྲི་བཞོན་རླུང་གིས་སྐྱོད་དུས། །
དགའ་སྐྱོ་ཟུང་གི་ཚོར་བའི་དབུ་ཁྱུད་བསླངས་སོང་། །
མི་ཚེ་རྨི་ལམ་ལྟ་བུའི་འཇིག་རྟེན་ཞིག་ནས། །
འཆར་སྣང་རླུང་འཚུབ་ངར་མ་རང་སར་ལྡང་དུས། །
སྐྱོ་གདུང་ཁང་ཆར་འཇོ་བའི་ཡུལ་གྲུ་དེ་ནས། །
རང་སེམས་ངོས་སུ་ཚོར་བའི་རི་མོ་ཕབས་ཡོད། །
ཞེ་སེམས་མོད་པོའི་བྱེ་མའི་ཐང་ཆེན་ཞིག་ཏུ། །
གྲང་རླུང་ཡང་ཡང་འཚུབ་ཅིང་ཡང་ཡང་འཇག་པ། །
ཀུན་རྟོག་རླུང་བུ་ལྡང་བའི་སྒྱུ་འཕྲུལ་ཁམས་ནས། །
དགའ་སྐྱོའི་གཟུགས་རིས་དེ་རིང་ཁོ་མོས་ངོམས་འདོད། །
ལོ་ཟླ་གང་མང་ཞིག་གི་ཁུག་ཀྱོག་བགྲོད་དུས། །
མ་ངེས་སྐྱིད་སྡུག་རིང་མོའི་སོ་མཚམས་བརྒལ་ནས། །
ཉམ་ཆུང་སྦྲང་མ་ཁེར་འགྲོ་ལས་དབང་བསམས་ནས། །
ཡིད་སེམས་མུག་པའི་གླུ་ཆུང་ངག་ནས་ཤོར་སོང་། །
འཁོར་བའི་བགྲོད་ལམ་རིང་མོའི་ཁུགས་ཟུར་རེ་ནས། །
དགའ་སྐྱོ་ཁྲི་ཕྲག་ཞིག་གིས་མདུན་རྒྱབ་སྐོར་དུས། །
ལན་རེར་སུན་སྣང་འབུམ་གྱིས་གཙེས་པ་ཡོད་ཀྱང་། །
སྐྱོ་བ་དབྱངས་ལ་བརྒྱུས་དགོས་བསྐོས་པ་རེད་འདུག །
ང་ཡི་གམ་དུ་གནས་པའི་ལོ་ཟླ་འཁྱག་པ། །
སྣང་བའི་བུ་གར་ཁྱོད་ཀྱིས་སྐྱོ་བ་བསླངས་སོང་། །
ལུས་སེམས་སྐྱ་བོའི་ངུ་ངག་འཐེན་པའི་ཚེ་ན། །
སྐྱོ་བའི་མིག་ཆུས་ཁོ་མོའི་བྲང་གཞུང་བརླན་སོང་། །
༼ མེ་ཆར། ༽