国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞེ་འཁྲུལ་གྱི་ལབ་གླེང་།

ལོ་ཉི་ཤུ་གནའ་རྫོགས་ད་རྫོགས་རེད།།

མགོ་མཐོན་པོ་གནའ་ཡལ་ད་ཡལ་རེད།།

ད་ཚེ་མཐའ་མ་རྫོགས་གོང་མ་ལ།།

ངས་ཇ་གང་འཐུང་ལ་སྙན་ངག་འབྲི།།

སྐྱིད་ཡོད་ཡོད་འདྲ་ལ་མེད་པ་འདྲ།།

དྲིན་མ་ལོ་བཞུགས་པ་སྐྱིད་ཅིག་རེད།།

ཆོས་དགེ་བའི་ཕུང་པ་སྡིག་ཅིག་རེད།།

ལས་སྐྱིད་སྡུག་ཀློང་ནས་ཚེ་མཐའ་ཉུལ།།

གཉེན་ཉེ་དུ་ཤ་ཚ་སྙིང་ཉེ་ཅན།།

རི་སྡེ་བ་ཁ་ངན་ཁོག་ནག་ཅན།།

ལས་ཡག་བཙོག་གཉིས་ཀྱི་གྲུ་ག་ནས།།

ཚེ་ཕ་མཐའ་བསྐྱོད་ལ་སྡིག་མཐའ་གླེང་།།

ལོ་ཉི་ཤུའི་སྣང་བར་ཞེ་རེ་སྨྲེང་།།

ལོ་རྒས་པའི་སྐྲ་ལོར་ཞེ་རེ་སྨྲེང་།།

ཁ་འདོན་ཆོག་མེད་ལ་ཞེ་རེ་སྨྲེང་།།

ཞེ་སྨྲེང་བའི་བར་ནས་སྙན་ངག་འབྲི།།

ལུས་དལ་འབྱོར་ཆུད་ཟོས་རྐྱང་རྐྱང་རེད།།

ཟས་རྒྱགས་ཚད་བཟས་ནས་གཉིད་རེ་བསླངས།།

ཞེ་ཆོས་ལ་མ་ཐོགས་ཉོན་རེ་མོངས།།

ཁ་དགེ་ལ་མ་འཁོར་དོན་རེ་ཆུང་།།

ཁ་ལག་པ་མ་འགུལ་ཟ་འདོད་དང་།།

བློ་རིག་པ་མ་སྒྲིམ་ཤེས་འདོད་དང་།།

ལས་འབད་པ་མ་གནང་གྲགས་འདོད་སོགས།།

ཞེ་འཁྲུལ་ཤེས་སྣང་བ་རུབ་གྱུར་ཅིག།

ལས་ཉོན་མོངས་དུག་རྩ་ནག་པོ་ཅན།།

ལུས་རིན་ཆེན་བླངས་པ་སྟོང་ཟད་རེད།།

ཚེ་འདི་ཕྱིའི་སྙིང་པོ་མ་ལོན་པར།།

ཚེ་རྒྱུན་ཐག་རིང་བ་དོན་རེ་ཆུང་།།

ལས་སྐྱེ་འཆིའི་སྙིང་པོ་སྟོང་པ་ཉིད།།

ཞེ་དགའ་སྐྱོའི་སྣང་བ་སྟོང་པ་ཉིད།།

ཚེ་རིང་ཐུང་ཅི་ཆ་སྟོང་པ་ཉིད།།

ལམ་རིང་ཐུང་ཤོར་བ་སྟོང་པ་ཉིད།།

རི་སྡེ་བ་རང་སའི་ཚོད་ནས་སྐྱིད།།

ནང་ན་ཟླ་ཕ་མའི་དྲུང་ནས་སྐྱིད།།

ཞེ་འཁང་ར་མ་བྱེད་བདག་ཉིད་པ།།

ལས་གང་བྱས་ས་ན་ལམ་རེ་ཡོད།།

༼ རྟོགས་སད། ༽