国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཨ་ཅེ། ཨ་ཅེ།

ཚེ་སྲོག་ལ་འགྲེལ་བཤད་ཇི་ལྟར་བྱེད་དགོས་མི་ཤེས་པའི་དུས་ཚོད་མང་པོར། རང་ཉིད་ལ་རེ་ཐག་ཆད་དེ་སྐྱོ་སྣང་སྐྱེ། དངོས་གནས་རང་ཉིད་ལ་སྐྱོ་སྣང་སྐྱེས་པ་ནི་རང་གི་ཚེ་སྲོག་དང་འཚོ་བ་ལ་སྐྱོ་སྣང་སྐྱེས་པ་ཡིན་པས་འཇིགས་སུ་རུང་བ་ཞིག་ཀྱང་རེད་ཨང་། གཅིག་བྱས་ན་དེ་ནི་མུ་རུ་གསོན་མི་ཐུབ་པའི་རྐྱེན་ཡིན་པས་ཚེ་སྲོག་གི་ཉམས་ཉེས་ཤིག་ཀྱང་ཡིན་སྲིད། ངས་དེ་བས་རང་ཉིད་བཅིངས་འགྲོལ་གཏོང་འདོད་དང་གསོན་པའི་སྟོབས་ཤུགས་བརྗོད་བྱ་བྱས་པའི་རྩོམ་རིག་འགའ་བྲིས་པ་ནི་རང་ལ་སྙིང་རྗེ་སྐྱེས་ཏེ་ཡིག་ངོར་བཀོད་པ་འདྲ། སྐབས་རེར་ངས་བརྩེ་བར་མགོ་བཏགས་ཞུས་ཏེ་ཚེ་སྟོད་སྨད་ཡོད་ཚད་བརྩེ་བ་ལ་སྐྱབས་བཅོལ་བའི་འཚོ་བ་ཞིག་རོལ་རྒྱུ་བྱུང་ན། ཚེ་འདིས་བྱས་པ་ཆེ་རྒྱུ་མེད་ཀྱང་རང་དང་འཚམ་པའི་མི་ཚེའི་རིན་ཐང་མངོན་ཚུལ་ཞིག་རེད་སྙམ། དེ་ལྟ་ནའང་འཚོ་བ་དེ་འདྲ་རོལ་རྒྱུ་དེ་ཡང་ཧ་ཅང་ཁག་པོ་ཞིག་རེད་ཨང་། ད་ལྟ་ང་རང་གཅིག་པུར་སྡུག་སྨྲེ་བཏོན་ཏེ་སྡོད་པ་ལས་རང་དང་ཉེ་བའི་མི་གཅིག་ཀྱང་མེད་པ་འདྲ་ལ། འབྱུང་འགྱུར་ཡང་ཆ་མེད་ཀྱི་མི་དག་དང་སེམས་ཀྱི་བར་ཐག་ཧ་ཅང་རིང་བའི་ལྷན་འཛོམས་ཀྱི་འཚོ་བ་རོལ་ཏེ་མི་ཚེ་འཕུད་དགོས་པ་འདྲ། དེ་ནི་ཚེ་སྲོག་ཅེས་པའི་རྩ་ཆེན་དུ་བརྩི་བ་དེ་སྐྱོ་གདུང་ཁོ་ནས་འཛད་ཚུལ་ཞིག་མིན་ནམ། ཨ་ཅེ་ལགས།

མི་ནི་མུ་རུ་གསོན་དགོས་པའི་རྒྱུ་མཚན་གཅིག་གྱུར་ཞིག་མ་རྙེད་མོད། དད་པས་རང་གི་མི་ཚེར་འགྲེལ་རྒྱག་པའམ། ཤེས་རབ་ཀྱིས་རྒྱག་པ། ཡང་ན་བརྩེ་བས་རྒྱག་པ་གང་ཡིན་ཡང་། སོ་སོས་རིན་ཐང་ལྡན་པའི་མི་ཚེ་ཞིག་བསྐྱལ་འདོད་པས་ལོས་ཡིན། ཡིན་ཡང་མི་སོ་སོས་དོན་སྙིང་དུ་རློམ་པ་དེས་མི་ཚེ་དང་བདེ་སྐྱིད་ལ་འགྲེལ་བཤད་ཐུབ་ཡོད་དམ། དད་པ་འགའ་ཞིག་ཚེ་སྲོག་གི་ཁུར་པོར་གྱུར་པ་དང་སྒེར་གྱི་ཤེས་རབ་ཕྲན་ཙམ་དེས་རང་ལ་ལམ་སྟོན་མི་ནུས་པ། མ་ཟད་བརྩེ་བ་འགའ་ཞིག་རང་གཞན་གཉིས་ཀྱི་མི་ཐེག་པའི་སྡུག་བསྔལ་ཡང་འགྱུར་བཞིན་འདུག་པས། མིས་རང་གི་མི་ཚེར་འགྲེལ་བཤད་བརྒྱག་རྒྱུ་དེ་སླ་མོ་མ་རེད་ཨང་། ད་རུང་འཆི་བས་མི་ཚེ་ལ་འགྲེལ་བཤད་ཐ་མ་བྱས་ཏེ་མུ་རུ་གསོན་མི་ཐུབ་ཅིང་ཚེ་སྲོག་ལ་རེ་ཆད་སྐྱོ་སྣང་གིས་ཁེངས་པའི་མི་དང་། རྒྱུ་འབྱོར་སྙན་གྲགས་ཀྱིས་རབ་ཏུ་བརྗིད་ཅིང་ཕྱི་ཚུལ་དུ་ལྟ་ན་སྡུག་ཀྱང་ནང་སེམས་སྟོང་གྱུར་པའི་མི་དེ་དག མི་དེ་དག་སེམས་ཀྱིས་ངོ་ཤེས་ཤིང་འགྲོག་འདྲིས་ཆེ་བ་ལྟར་དུ་གྱུར་འདུག་པས། ངའི་ཚེ་སྲོག་གི་ཁྲོད་དུ་གདུང་བ་ཅི་ཞིག་ཞུགས་ཡོད་དམ། ཨ་ཅེ་ལགས།

ཆུང་དུས་ཀྱི་ཕུགས་བསམ་དག་འཇའ་ཚོན་ལྟར་ཡལ་རྗེས་ངས་ཡང་ནས་ཡང་དུ་བསྒྲུབ་འདོད་པ་ནི་རང་གི་ནུས་ཚོད་ཀྱིས་དྭ་ཕྲུག་སློབ་གྲྭ་ཞིག་གི་དགེ་རྒན་ནམ། སྐད་ཡིག་དགེ་རྒན་ཞིག་ཏུ་ཡོང་ན་སྙམ། སྔ་མ་ནི་མི་ཚེའི་རིན་ཐང་གི་ལྟ་བ་དང་འབྲེལ་ནས་ཡོད་ཅིང་ཕྱི་མ་ནི་མི་རིགས་ཀྱི་འདུ་ཤེས་ལས་བྱུང་བ་ཞིག་ཀྱང་ཡིན་ཚོད་འདུག། ཡིན་ཡང་ངས་དེ་དག་ཅི་ཡང་མ་ནུས་ཤིང་མ་འོངས་པ་ཡང་མི་ནུས་པ་འདྲ་བས། ཚེ་སྲོག་འདི་ལྟར་དོན་མེད་དུ་འཛད་འགྲོ་བ་ནི་སྡུག་བསྔལ་ཆེན་པོ་ཞིག་རེད་ཨང་། གཞན་གྱིས་བཤད་ན་མི་རབས་འདིར། སྤོབས་པ་མེད་མཁན། གཉའ་ཆག་མཁན།ངལ་རྩོལ་ལ་མི་དགའ་མཁན་གྱི་གཞོན་སྐྱེས་མང་པོས་མིག་ལྟོས་ངན་པ་བཞག་ཡོད་པ་རེད་ཟེར། སྐད་ཆ་དེ་ནི་ཏག་ཏག་ང་ལ་དམིགས་ཏེ་བཤད་པ་དང་འདྲ་བར་ནང་སེམས་ཀྱི་ག་ཤེད་ཅིག་ནས་ན་ཟུག་ཚད་མེད་རེ་སློང་ཡོང་། དེང་དུས་ནི་ང་ལྟ་བུའི་ན་གཞོན་ཤི་བོ་དག་གིས་གསོན་པའི་དཀའ་སྡུག་མི་ཐེག་པའི་བར་སྐབས་ཤིག་ཡིན་པ་འདྲ། ཚེ་སྲོག་གི་བདེན་ལུགས་མི་རྙེད་པའི་དུས་ཚོད་ནང་དུ་ཚེ་སྲོག་ཇི་ལྟར་བཀོལ་སྤྱོད་བྱེད་དགོས་པ་ཡེ་ནས་ཤེས་ཐབས་བྲལ། ཨ་ཅེ་ལགས།

ད་ལྟ་ངས་བརྩེ་དུང་ལྡན་པའི་འཚོ་བ་ཞིག་རོལ་མི་ཐུབ་ལ་བརྩེ་དུང་མེད་པའི་འཚོ་བ་ཞིག་རོལ་མི་འདོད། ཕྱི་ཚུལ་དང་ནང་སེམས་ལ་བར་ཐག་ཤོར་ཏེ་ཆོ་མེད་པའི་ཉི་མ་རེ་རེ་བཞིན་འདི་ལྟར་འཆོར་འགྲོ་བར་སེམས་ཚེགས་སྐྱེས་ཡོང་། ནུབ་གླིང་པའི་ལེགས་བཤད་ཅིག་ཏུ། འཇིག་རྟེན་འདིའི་སྐྱོ་གར་ཆེས་ཆེ་བ་ཞིག་ནི་མི་མང་པོ་བརྩེ་བ་ཡོད་ཀྱང་མཉམ་དུ་འཚོ་མ་ཐུབ་པ་དང་། མི་མང་པོ་བརྩེ་བ་མེད་ཀྱང་མཉམ་དུ་བསྡད་ཡོད་པ་དེ་རེད་ཟེར། དེ་ནི་བདེན་དོན་ཞིག་རེད་ཨང་། དེ་ལྟ་ནའང་ངས་རང་གི་ཉེ་འཁོར་གྱི་མི་ཡོད་ཚད་ལ་ལྷད་མེད་ཀྱི་བརྩེ་སེམས་འཆང་མི་ཐུབ་ཅིང་ཁྱོད་ལྟར་ཡོད་ཚད་ཡིད་འོང་ཞིག་ཏུ་མཐོང་ཐབས་བྲལ། ཁྱོད་ལྟར་རང་གི་མི་ཚེའི་བདེ་སྐྱིད་ཅིག་ཏུ་སྒོམ་ཐབས་བྲལ་བས། རྒྱུན་ལྡན་གྱི་འཚོ་བའི་ནང་དུ་བདེ་སྐྱིད་ཅེས་འབོད་ཆོག་པའི་མི་འགའ་རེ་ཡོད་ན་དྲན། ཡིན་ཡང་ཡོད་ཚད་དག་སྣང་གིས་བཞེང་མི་ཐུབ་པའི་ཁོ་བོར་མཚོན་ན། མི་དང་མིའི་བར་གྱི་འབྲེལ་འདྲིས་ནི་ཉོག་ཅིང་སྙིང་པོ་མེད་པར་ལྟར་གྱུར་པས། ངས་ཁྱོད་ལྟར་མི་གཞན་དག་ལ་ཁྱོད་ནི་ངའི་བདེ་སྐྱིད་ཡིན་ཞེས་བརྗོད་ཐབས་བྲལ་སོང་། སེམས་པ་ཟེར་བའི་བྱིས་པ་པྲ་ཚགས་ཤིག་དང་འདྲ་བ་འདི་ཡོད་ཚད་ལ་དགའ་སྣང་སྐྱེ་རྒྱུ་མི་འདུག། ཨ་ཅེ་ལགས།

སྤྱིར་མི་སོ་སོའི་ཚེ་སྲོག་གི་ཁྲོད་དུ་འཛུལ་ཞུགས་བྱས་ཡོད་པའི་མི་སྣ་ཅི་རིགས་རེ་ལོས་ཡོད། དེའི་དོན་དུ་གཞན་དག་ཡོད་ཚད་འདོར་ཕོད་ཅིང་རྒོལ་ཕོད་པའི་སྟོབས་ཤུགས་ཀྱང་བརྩེ་དུང་ཞེས་པའི་རྣམ་རིག་རང་མཚན་པ་འདི་ལས་བྱུང་བ་མིན་ནམ། ཕྱུག་པོའི་བུ་མོ་སྤྲང་པོའི་བུ་ལ་དགའ་བ་དང་། རྒྱལ་སྲས་གཞོན་ནུ་སྡེ་མཐའི་བུ་མོར་ཆགས་པ་སོགས་ལྷ་སྒྲུང་ལྟ་བུ་དེ་དག་ཀྱང་། མིའི་འདུ་ཤེས་དང་ཉེ་བར་གྱུར་འདུག་ཅིང་ནང་སེམས་རྨང་ནས་སྒུལ་བཞིན་འདུག་པ་དེ་ཡང་། ང་ཚོའི་མི་ཚེ་ཡང་གཏམ་རྒྱུད་དེ་དང་ཉེ་བར་གྱུར་པས་མིན་ནམ། ང་ཚོ་སེམས་ལྡན་དག་བདེ་སྐྱིད་ཀྱི་ངང་ནས་མུ་རུ་གསོན་ཐུབ་པའི་རྒྱུ་མཚན་ནི་བརྩེ་བ་ཞེས་པའི་གཟུགས་མེད་ཀྱི་རྣམ་ཤེས་འདི་ཡིན་འདྲ། གལ་ཏེ་འདི་མེད་ན་གཞན་གྱི་ཆེད་དུ་འབད་བརྩོན་དང་བློས་གཏོང་བྱེད་པ་ཅི་ཡང་མེད་པས་ཚེ་སྲོག་ནི་ཅི་འདྲའི་ཁེར་རྐྱང་ཞིག་ཏུ་འགྱུར་མི་འགྲོའམ། དེ་འདྲའི་ཁེར་རྐྱང་ནི་འཇིགས་སུ་རུང་བ་ཞིག་སྟེ། ཚེ་སྲོག་དང་འཚོ་བར་དགའ་ཞེན་ཅི་ཡང་སྐྱེ་ཐབས་མེད་པའི་མུན་ནག་གི་བར་སྐབས་ཤིག་མིན་ནམ། གཞན་ལ་བཅངས་པའི་དུང་ཞེན་ཅི་ཡང་མེད་པར་སྡང་ཟུག་ཁོ་ནས་གསོན་དགོས་ཚེ། མི་ཡུལ་ལ་སྙིང་པོ་ཅི་ཞིག་ཡོད་དམ། ངས་འདི་ལྟར་གནས་ལུགས་ཆེན་པོ་འགའ་ཞིག་བཤད་དེ་ཅི་ཞིག་བྱེད་ཨང་། ཡང་སྙིང་ངས་ཁྱོད་ལ་བཤད་འདོད་པ་ནི་འདི་ཡིན་པ་འདྲ་ལ་མིན་པའང་འདྲ། ཨ་ཅེ་ལགས།

མི་ཚེའི་འགྱུར་ལྡོག་གི་གོ་རིམ་བརྒྱུད་བརྒྱུད་པའི་མཐར་རྒ་བ་དང་འཆི་བ་གཉིས་ལ་གཏུག་དགོས་པ་དོན་དངོས་ཡིན་ཡང་དེ་ལ་འགྱོད་རྒྱུ་ཅི་ཞིག་ཡོད། མི་ཚེའི་ཕྱིར་དྲན་ནང་དུ་ཡང་ན་རང་ཉིད་གསོན་མྱོང་བའི་དུས་ཚོད་ནང་དུ། དགའ་འོས་པའི་མི་ལ་ལྷག་བསམ་རྣམ་དག་གིས་དགའ་ཞེན་རྒྱུན་འཁྱོངས་ཤིང་བརྩེ་བ་ལ་གཅེས་སྤྲས་བྱས་མྱོང་བའི་གཏམ་བརྒྱུད་ཙམ་ལྷག་ན། ད་རུང་རང་དབང་དང་ཞི་འཇམ་གྱི་ལོ་ཟླ་འགའ་ཡོད་མྱོང་ན་དེས་ཆོག་པ་ལ་ཨང་། ཚེ་སྲོག་ནི་འུར་ཟིང་དང་འགྲན་རྩོད་ལ་བསྟིམ་ཚེ་དངོས་གནས་ངས་བདེ་སྐྱིད་རྙེད་ཐབས་མེད་པ་འདྲ། དེ་ལྟ་ནའང་ཞི་འཇམ་གྱི་འཚོ་བ་རོལ་རྒྱུ་ནི་ཅི་འདྲའི་ཁག་པོ་ཞིག་རེད། ངས་ད་གཟོད་ཤེས་རྟོགས་བྱུང་བ་ནི་རང་ཉིད་ཞི་འཇམ་གྱི་ངང་ནས་མུ་རུ་གསོན་མི་ཐུབ་པ་དེ་རེད། བག་མེད་རྒྱ་ཡན་དུ་ཤོར་བའི་རྟ་ཕོ་བཞིན་དུ་གཟུགས་མེད་སེེམས་ཀྱི་རྣམ་རིག་འདིས་ཀྱང་ང་རང་འདི་ལྟར་ལང་ཤོར་དུ་བཏང་འདུག། ཨ་ཅེ་ལགས།

སྔོན་ཆད་ཆང་མ་ཞིག་གིས་ལོ་ཟླ་བསྐྱལ་ཚུལ་ལ་སྣང་ཆུང་དང་རིན་ཐང་མེད་པར་བལྟས།

དེང་སང་རང་ཉིད་ཆང་མ་ཞིག་ཏུ་གྱུར་ཏེ་སྒྲུང་དང་གློག་བརྙན་གཉིས་ཀྱིས་ཉིན་མཚན་ཕུད་ཐབས་བྱས་ཤིང་། ཚོར་བས་ཡང་ཡང་དུ་བཟི་བ་བྱས། ལོ་འདིར་ཁྱོད་ལ་འཕྲིན་ཡིག་འདི་ལས་བྲིས་མེད་ཅིང་ནམ་རྒྱུན་ཁམས་འདྲི་དང་གཟིམས་བདེ་ཡང་ཞུ་ཐབས་མ་བྱུང་། དེ་ནི་འགྱོད་དགོས་པའི་དོན་ཞིག་སྟེ། ངས་རང་གི་དུས་ཚོད་ནི་རང་གི་བརྩེ་དུང་དང་རང་གི་འདོད་མོས་ཀྱི་དོན་དུ་བཀོལ་སྤྱོད་བྱེད་འདོད་ཅིང་དེ་ལ་རིན་ཐང་ཡོད་མེད་བརྩད་མི་འདོད། ངས་བྲིས་པ་དང་བྲི་འགྱུར་མཐའ་དག་ཁྱོད་ཀྱིས་བཀླག་མིན་མི་ཤེས་ཤིང་ང་ཡི་ན་ཟུག་ཚོར་མིན་མི་ཤེས་མོད་ཀྱང་། གང་ལྟར་ངས་སྤོབས་པ་ཆེན་པོས་སྙིང་ཉེ་བའི་ཨ་ཅེ་ལགས་ཞེས་འབོད་འདོད་ཅིང་བདེ་ཞིང་སྐྱིད་པ་སྨོན་འདུན་ཞུ་འདོད། ཨ་ཅེ་ལགས།

༼ ཞོགས་རྫ་རྔ། ༽