国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཨ་དགུ་ཆ་དགུའི་མུ་འབྲེལ་ཟིན་ཐོ།

ཨ་མེས་དམ་པའི་ཐུགས་སྐྱེད་སྨོན་པས་ཁོ་བོའི་ལས་སྨོན་སློབ་ལ་ཆས།།

ཆ་མེད་ཡུལ་ལུང་བཅུ་ཕྲག་བརྒལ་ནས་དགའ་སྐྱོའི་གཏམ་རྒྱུད་འཁྲུངས་སྐར་བསུས།།

ཨ་རོགས་རྒྱུས་མེད་ཟུར་མིག་མདའ་མོས་སྙིང་གི་པད་ཚལ་དུམ་བུར་གཤགས།།

ཆ་བྱད་ལང་ཚོ་འཇའ་ཚོན་མདངས་སུ་ཚིགས་དྲུག་སྨྱུག་མའི་གཟུགས་ཀྱི་ཟླ།།

ཨ་བུའི་ཡིད་སེམས་དབང་མེད་ཤོར་བ་སྔོན་མའི་ལས་ཀྱིས་བཀོད་པར་ངེས།།

ཆ་ཚང་སློབ་རའི་སྒོ་ཐེམ་འགྲིམ་ཞིང་ལྷན་ཅིག་འཛོམས་པའི་སྐལ་བ་ལྡན།།

ཨ་ཤད་ཐོག་མའི་དབྱངས་རྟ་གྱེར་བ་རིག་པའི་བློ་འབྱེད་མགྲིན་ངག་འགྲིག།

ཆ་མཐུན་སློབ་རའི་དུང་བརྗོད་རིང་མོ་སྙིང་དབུས་ཀུན་དགའི་ཟབ་སར་བཏབ།།

ཨ་ལོང་མུ་ཁྱུད་གསེར་གྱི་དམ་ཚིག་མི་འགྱུར་སེམས་ཀྱི་རྟེན་དུ་བཞག།

ཆ་རྐྱེན་ཕུན་སུམ་ཚོགས་པས་བསྟུད་མར་འདུས་པ་མཐོ་རླབས་འཕྱུར་བའི་གར།།

ཨ་ཙང་ཟླ་འོད་དབེན་ཞིང་ལྷགས་རླུང་རྒོད་པའི་ཉེར་ལྔའི་མཚན་མོ་དེར།།

ཆ་མེད་ཆ་ཡོད་སྐུད་ལམ་བརྒྱུད་པའི་ཆ་འཕྲིན་བསམ་མེད་སྙིང་གི་ནད།།

ཨ་འཐས་སེམས་ཀྱི་སྣང་ཡུལ་བརྟན་པོར་མི་སྡོད་འཁྲུག་ཆ་ལང་ལོང་གཡོ།།

ཆ་བཞག་ཅང་མེད་ཁྲ་ཆུང་མིག་ཟུང་ཆུ་ཤེལ་ཐིགས་པས་རབ་བརྒྱན་ཞིང་།།

ཨ་ཐང་ཆད་ཅིང་འབྱོར་ལན་མེད་པར་ཧང་ནས་ཧད་དེ་ལྦུ་ཆང་བཏུང་།།

ཆ་སྤྱད་གང་ཞིག་དོན་ལྔའི་འཕགས་འགྲོས་སྣོན་མར་ཆས་ཤིང་སྨྲེང་གིས་མནར།།

ཨ་མཚར་མ་ཡིན་ཡིད་རྟོན་རྣལ་མ་སྐད་ཅིག་དུས་ཀྱི་རྡུལ་དུ་འདྲེས།།

ཆ་རྒྱུས་སྙིང་དོན་རང་གཅུན་ཚུགས་བཟང་མི་ཚེའི་འགྲོ་དོན་ཡིན་པར་ཤེས།།

ཨ་ག་ར་ཡི་བསིལ་ངད་ལྟ་བུའི་དམ་ཚིག་བཞག་པའི་ལོ་རྒྱུས་ཉིད།།

ཆ་མཐུན་ལག་ཟུང་དམ་དུ་སྦྲེལ་བ་ཕྱིར་དྲན་ཀླུང་གི་ན་ཟུག་ཡིན།།

ཨ་གསར་ཡུད་ཙམ་ཁྭ་ཏའི་མིག་ཏུ་ཆུར་བ་སྒྱུ་མའི་གར་དུ་འདུས།།

ཆ་བེ་ཆོབ་བེའི་རང་ཉིད་མ་ཤེས་མགོ་རྣ་མེད་པས་འཇིག་རྟེན་མཚར།།

ཨ་ཅང་སེམས་མཐུན་འགྱུར་མེད་ཡིན་ན་བཀྲ་ཤིས་དང་བཅས་སྨོན་འདུན་ཞུ།།

ཆ་མེད་ཁེར་འགྲོ་སེམས་ཀྱིས་བཅད་པའི་རྒྱང་བཞུད་རིང་མོ་རང་གི་ལམ།།

ཨ་བུའི་སྣང་ངོར་གང་དུས་ཡ་མེད་གཅིག་པུར་ལུས་པའི་ལྟས་སུ་འཆར།།

ཆ་ལུགས་རང་དང་འཚམ་མིན་མ་ཤེས་ཅལ་རྒྱུགས་གཟུགས་ཀྱི་ཟླ་བོ་མཚར།།

ཨ་ཨ་ཟེར་བཞིན་སྙིང་ཤ་འདར་ཞིང་ངུ་ངག་བཏོན་ཀྱང་ཅི་ལ་ཕན།།

ཆ་བཞག་མེད་པའི་གཏམ་རྒྱུད་སྣ་ཚོགས་འཇིག་རྟེན་སྒྱུ་མའི་ལས་སུ་སོང་།།

ཨ་རོགས་ཁྱོད་ལ་རྒྱུ་འབྲས་མེད་དམ་སྙིང་ཤ་རྡོ་ཡིས་གྲུབ་བམ་ཅི།།

ཆ་འཇོག་མེད་པར་མི་བྲི་ཁ་མེད་གྲོགས་ཀྱིས་བསྐུལ་བས་རགས་ཙམ་བྲིས།།

༼ སྒོ་སྤྲེལ་ངེས་དོན། ༽