国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབུལ་ཕོངས་ཀྱི་རྩ་བ་མ་བསྒྱུར་ན་ལས་གནས་སུ་ཕྱིར་མི་ལོག་པའི་དམ་བཅའ་བཞག།

ལོ་ངོ་བཅུ་ལ་ཧྲུའུ་ཅི་དང་པོའི་འགན་བཞེས་པའི་ལིའུ་ཐའོ་ཡི་གནས་ཚུལ་རགས་བཀོད།

ལིའུ་ཐའོ་ཡིས་ཡུལ་མི་ཚེ་རིང་དབང་རྒྱལ་གྱིས་བོད་ཕག་གསོ་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།

ལིའུ་ཐའོ་ཡིས་ཡུལ་མི་ཚོ་དང་ཁ་བརྡ་བྱེད་བཞིན་པ།

གང་ཞིག་ལ་ལུས་སེམས་གཉིས་ཀྱིས་དཀའ་བ་བསྐྱེད་པ་ནི། གང་དེར་བརྩེ་བ་དང་དུང་ཞེ་དེ་ཙམ་མཚོན་པ་མ་ཡིན་ནམ། ཁོང་གིས་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་བཟང་པོ་དང་བློ་གཅིག་སེམས་གཅིག་གིས་ཡུལ་མི་ཚོར་ཞབས་འདེགས་ཞུ་པས་ཁོང་དང་ཡུལ་མི་ཚོའི་བར་ལ་ཉ་ཆུ་ལྟ་བུའི་བརྩེ་དུང་ཆགས་ཤིང་ཁྱིམ་ཚང་གཅིག་ལྟར་གྱུར། གྲོང་ཚོར་བཅའ་སྡོད་ཀྱི་དུས་ཡུན་སླེབས་རུང་། ཁོང་གིས་མི་མཐུད་ནས་ཧྲུའུ་ཅི་དང་པོའི་ལས་ཞུགས་ཀྱི་རེ་ཞུ་ཕུལ་ནས“དབུལ་ཕོངས་ཀྱི་རྩ་བ་མ་བསྒྱུར་ན་ལས་གནས་སུ་ཕྱིར་མི་ལོག་པའི”དམ་བཅའ་བཞག་པ་དང་། ཡུལ་མི་རྣམས་ཀྱིས་ཀྱང་གོང་རིམ་རྩ་འཛུགས་སྡེ་ཁག་ལ་ལྷག་བསམ་རྣམ་དག་གིས་མི་སེར་ཚོར་རོགས་རམ་བྱེད་མཁན་གྱི་ཧྲུའུ་ཅི་ཡག་པོ་ལིའུ་ཐའོ་ད་དུང་མུ་མཐུད་ནས་བཞུགས་རོགས་བྱ་བའི་རེ་ཞུ་ཡི་གེ་ཐེངས་བཞི་ཕུལ་བར་བརྟེན་ཁོང་ཉིད་མུ་མཐུད་ནས་ཧྲུའུ་ཅི་དང་པོར་བསྡད་ཐུབ་པ་བྱུང་།

དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་རི་ངོས་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཀྲུའུ་རེན་རྒྱལ་མཚན་གྱིས་ང་ཚོའི་ཧྲུའུ་ཅི་དང་པོ་ལིའུ་ཐའོ་ནི2015ལོར་ཡོང་ནས་ད་བར་ལོ་བཅུ་ཕྱིན་ཡོད། ང་ཚོས་ཁོང་ཉིད་མུ་མཐུད་ནས་ཧྲུའུ་ཅི་དང་པོར་བཞུགས་རོགས་ཞུ་བའི་རྒྱུ་མཚན་ནི་མི་སེར་ཚང་མས་སེམས་གཏིང་ནས་ཁོང་ལ་ཁས་ལེན་པས་རེད་ཅེས་བཤད།

གྲོང་ཚོར་བཅའ་སྡོད་ཀྱི་ལམ་བུ་ཐོག་གོམ་པ་དང་པོ་སྤོ་འགོ་བརྩམས།

2015ལོར། ལིའུ་ཐའོ་ནི་དར་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ར་རྔ་ཁ་མངགས་གཏོང་ཁང་གིས་དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་རི་ངོས་གྲོང་སྡེར་མངགས་གཏོང་བྱེད་པའི་གྲོང་ཚོར་བཅའ་སྡོད་ཀྱི་ཧྲུའུ་ཅི་དང་པོ་ཡིན། དུས་དེ་ནས་བཟུང་ཁོང་ནི་མི་དམངས་ཉེན་རྟོག་པ་ཞིག་ནས་གྲོང་ཚོར་བཅའ་སྡོད་ཀྱི་ཧྲུའུ་ཅི་དང་པོ་ཞིག་ཏུ་གྱུར།

ལིའུ་ཐའོ་ཡིས་ཁོ་རང་དང་ཐོག་རི་ངོས་གྲོང་སྡེར་སླེབས་དུས་ཀྱི་གནས་ཚུལ་གསལ་པོར་ཡིད་ལ་འཆར་ཏེ། རི་ངོས་གྲོང་སྡེ་ནི་དར་མདོ་གྲོང་ཁུལ་དང་བར་ཐག་སྤྱི་ལེ100ཡོད་པ་དང་། ཆ་སྙོམས་ཀྱི་མཚོ་འཕགས་སྨི3400ཟིན་ཡོད། གྲོང་ཚོ་ཡོངས་ལ་ཁྱོན་བསྡོམས་དུད་ཚང45དང་མི227ཡོད་པ་དང་། རྨོ་ཞིང་རྒྱ་ཁྱོན་མུའུ700ཟིན་གྱི་ཡོད། མི་སེར་ཚོའི་འཚོ་བ་བརྟེན་ས་གཙོ་བོ་རྨོ་ཞིང་ཡིན་པ་དང་མུའུ་རེའི་ཆ་སྙོམས་ཐོན་ཚད་རྒྱ་མ350ལས་མེད་པས་ཡུལ་མི་ཚོའི་རང་ཁ་རང་གསོ་ཙམ་ཡིན། གྲོང་སྡེ“ཨུ་ལྷན་གཉིས”ལ་ཐོག་རྩེག་གཉིས་ཅན་གྱི་ཁང་པ་རྙིང་པ་ཞིག་མ་གཏོགས་མེད་པ་དང་། ཐོག་རྩེག་གཉིས་པར་ལོ་ལྟར་ཆུ་འཛག་ནས་བེད་མེད་ལུས་ཡོད། གྲོང་པ་ནང་གི་ལམ་ནི་འདམ་བག་གི་ལམ་ཡིན་པ། ཁྲིད་ཆུ་མེད་པ། གློག་ཀྱང་བརྟན་པོ་མེད་པས་རྟག་པར་ལག་སྒྲོན་འབར་དགོས་ཀྱི་ཡོད། ཁོང་གི་གཞུང་ལས་ཁང་དང་ཉལ་ཁང་ནི་སྨི་གྲུ་བཞི་མ7ཅན་གྱི་ཁང་པ་ཆུང་ཆུང་ཞིག་ལས་མེད་པ་རེད།

ལིའུ་ཐའོ་ཡིས་ཁ་གཏད་དགོས་པའི་གནད་དོན་ནི་རི་ངོས་གྲོང་སྡེའི་ཐོན་སྐྱེད་ཆ་རྐྱེན་ཞན་པ་དང་ཐོན་ལས་སྣ་གཅིག་ཡིན་པ། འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་གནད་དོན་ཡིན་པར་མ་ཟད། དཀའ་ཚེགས་ཆེ་ཤོས་ནི་ད་ལྟའི་གནས་བབ་ལ་ཡིད་ཚིམས་ནས་སྡོད་པའི་ཡུལ་མི་ཚོ་ཇི་ལྟར་བྱས་ནས་མཛེས་སྡུག་ལྡན་པའི་མ་འོངས་པའི་འཚོ་བར་རེ་འདུན་བཅངས་པ་དང་། ཁོང་ཚོ་སྐྱིད་སྣང་གི་བསམ་ཚུལ་དོད་ནས་དཔལ་ངར་དང་སྡུག་རུས་ཀྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དུ་འཇུག་རྒྱུ་དེ་རེད།

ལིའུ་ཐའོ་ཡིས་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྒྲིག་འཛུགས་དང་ལག་བསྟར་བྱེད་འགོ་བརྩམས། ཁོང་གིས་སྔ་རྗེས་སུ་རི་ངོས་གྲོང་སྡེར་དབུལ་སྐྱོར་མ་དངུལ་ཁྲི900ལྷག་ཙམ་རེ་ཞུ་བྱས་ཏེ། གྲོང་སྡེ་ཡོངས་ལ་ཨར་འདམ་ལམ་སྤྱི་ལེ8དང་ཟམ་པ3གསར་དུ་བཟོས་པ་དང་། ཁྱིམ་ཚང་རེ་རེའི་སྒོ་ཁར་ཨར་འདམ་ལམ་ཡོད་པ་དང་ཁྲིད་ཆུ་ཡོད་པ། གློག་ཡོད་པ། དྲྭ་རྒྱས་ཁྱབ་པ་བཅས་མངོན་འགྱུར་བྱུང་ཡོད། ད་དུང་། གྲོང་ཚོའི་ཏང་དམངས་བྱེད་སྒོའི་ལྟེ་གནས་དང་གད་སྙིགས་གཙང་སེལ་བྱེད་གནས། སྤྱི་པའི་གསང་སྤྱོད་ཁང་། ཡུལ་སྐོར་རླངས་འཁོར་འཇོག་ས། ལྟ་སྐོར་འགྲོ་ལམ་སོགས་གསར་དུ་བསྐྲུན་པ་དང་གྲོང་ཚོའི་གཞུང་ལམ་གཙོ་བོའི་གཞོགས་གཉིས་སུ་ཉི་ནུས་ལམ་སྒྲོན30བཙུགས། ད་དུང་ཀོང་ཏུང་གི་རོགས་སྐྱོར་འཛུགས་སྐྲུན་དང་གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་རོགས་སྐྱོར་འཛུགས་སྐྲུན་སོགས་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི60བརྩོན་ལེན་བྱས་ཏེ་དུད་ཚང43ལ་ཁང་པ་ཉམས་གསོ་དང་སྒྱུར་བཀོད་བྱས་ནས་ཡུལ་མི་ཚོའི་སྡོད་ཁང་ཆ་རྐྱེན་ལེགས་སུ་ཕྱིན་ཡོད།

དེ་ལྟར་ལིའུ་ཐའོ་ཡིས་རྒྱལ་ཁའི་ངང་གྲོང་ཚོར་བཅའ་སྡོད་རོགས་སྐྱོབ་ཀྱི་ལམ་བུ་ཐོག་གོམ་པ་དང་པོ་སྤོས་ཐུབ་པ་བྱུང་། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཞེས་པ་ལྟར་ཁོང་གི་སེམས་པ་རྣམ་དག་གིས་མི་སེར་ཚོར་བྱ་བ་བསྒྲུབས་པས“དཀའ་ངལ་ཡོད་ཚེ་ལིའུ་ཧྲུའུ་ཅི་བཙལ་ཆོག”ཅེས་པའི་སྙན་གྲགས་གྲོང་ཚོའི་ནང་དུ་ཁྱབ་པ་རེད།

ཐུན་མོང་དཔལ་འབྱོར་གོང་འཕེལ་བཏང་། ཡུལ་མིའི་དངུལ་ཁུག་མཐུག་པོར་གྱུར།

གཞན་གྱིས་རོགས་སྐྱོར་བྱེད་པ་ནི་དུས་ཡུན་ཐུང་ངུ་དང་། རང་ཉིད་འཕེལ་རྒྱས་གཏང་རྒྱུ་ནི་མི་ཚེ་གཅིག་གི་དོན་དག་ཡིན། ཚེ་རིང་དབང་རྒྱལ་གྱིས་ཁྱིམ་དུ་བོད་ཕག་འགའ་གསོས་ཡོད་པ་དང་གྲོང་པ་ནང་བོད་ཕག་གསོ་པའི་དུད་ཚང་གཅིག་པུ་དེ་ཡིན་པ་ཤེས་རྟོགས་བྱུང་རྗེས། ལིའུ་ཐའོ་ཆེད་དུ་ཁོང་གི་ཁྱིམ་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་རྗེས་ཁོ་ལ་བློ་ཕུད་རོགས་བྱས་ཏེ་གསོ་སྤེལ་གྱི་གཞི་ཁྱོན་ཆེ་རུ་གཏང་རྒྱུའི་སྐུལ་འདེད་བྱས་པ་དང་། ཆབས་གཅིག་ཏུ་གང་ས་གང་དུ་འབྲེལ་གཏུག་མཐུན་སྦྱོར་བྱས་ནས་ཚེ་རིང་དབང་རྒྱལ་ལ་སྐྱེད་མི་དགོས་པའི་རོགས་སྐྱོར་མ་དངུལ་སྒོར་ཁྲི3རག་ཐབས་བྱས་པ་རེད། 2016ལོར། ཚེ་རིང་དབང་རྒྱལ་ཚང་གི་ཕག་གསོ་ར་བ་བཙུགས་ནས་བོད་ཕག100ལྷག་གསོས་པ་དང་། 2017ལོར་ཚེ་རིང་དབང་རྒྱལ་གྱིས་བོད་ཕག་གསོས་པར་ཁེ་བཟང་སྒོར་ཁྲི10ལོན་པ་རེད།

ཚེ་རིང་དབང་རྒྱལ་གྱིས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོས་ལོ་གཉིས་སྔོན་ལ་ཕག་ཤའི་ཚོང་ལམ་ཅུང་ཞན་པའི་སྐབས་སུ། ལིའུ་ཐའོ་ཧྲུའུ་ཅི་དུས་རྒྱུན་ཏུ་ངའི་ཁྱིམ་དུ་ཡོང་ནས་གནས་ཚུལ་ཤེས་རྟོགས་དང་། ངེད་ཚང་ལ་ཚོང་ལམ་འཚོལ་རོགས་བྱས། ཁོང་གིས་རང་ཉིད་ཀྱིས་ཉོ་བ་དང་ལས་ཁུངས་ལ་ཉོ་རོགས་བྱས། དྲྭ་ཐོག་ནས་བྲིན་ཚོང་བྱེད་རོགས་དང་ཚོང་ལམ་རྒྱ་ཆེར་གཏོང་རོགས་བྱས། ཁོང་གིས་ཕྱོགས་ཡོངས་ནས་རོགས་རམ་བྱས་པར་བརྟེན་ང་ཚོའི་གསོ་སྤེལ་ར་བའི་གཞི་ཁྱོན་ཡང་ཆེ་རུ་འགྲོ་ཡོད་ཅེས་བཤད།

ཡུལ་མི་ཚོའི་མིག་རྒྱང་དང་བསམ་བཀོད་ཆེ་རུ་གཏོང་ཆེད། ལིའུ་ཐའོ་ཡིས་ཏང་མི་ལ་སློབ་གསོ་དང་དོ་དམ།ལྟ་སྐུལ་བཅས་བྱ་རྒྱུར་ཤུགས་བརྒྱབ་ནས་ཏང་མི་ཁྲོད་རྗེས་གྲབས་ལས་བྱེད་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ཤིང་། ཁོང་གིས་སྔ་རྗེས་སུ་ཚན་རྩལ་ཡན་ལག་རུ་ཁག་ཚོ་ཆུང3གྱི་ཕྱུགས་ལས་དང་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན10ལྷག་གྲོང་པར་སློབ་གསོར་རོགས་སྐྱོར་དང་ཚན་རིག་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱེད་པར་གདན་འདྲེན་ཞུས་པར་མ་ཟད། སྔ་རྗེས་སུ་གྲོང་ཚོའི་ལས་བྱེད་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ་ཁྲིད་ནས་གློག་རྡུལ་ཚན་རྩལ་སློབ་ཆེན་དང་ཏུའུ་ཅང་ཡན་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་སོགས་སུ་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་པར་སོང་བ་རེད། ཁོང་དང་མི་སེར་ཚོས་མཉམ་དུ་འབད་བརྩོན་ལྷོད་མེད་བྱས་ནས་གྲོང་པ་ནང་གཞི་ཁྱོན་ལྡན་པའི་འདེབས་འཛུགས་གསོ་སྤེལ་ལས་རིགས་གཉེར་མཁན་གྱི་ཡུལ་མི་རིམ་བཞིན་མང་དུ་ཕྱིན་པ་དང་ཐུན་མོང་དཔལ་འབྱོར་གྱི་གཞི་ཁྱོན་ཡང་རིམ་བཞིན་ཆེ་རུ་ཕྱིན་ནས་དུད་ཚང་ཆ་སྙོམས་ཡོང་འབབ་བརྟན་པོའི་ངང་འཕར་ཐུབ་པ་རེད།

ལིའུ་ཐའོ་ཡིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྣེ་ཁྲིད་དེ་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཐོན་ལས་ཀྱི་ལེ་ལག་ཚང་བའི་ཞབས་ཞུའི་

མཐུན་སྦྱོར་རྒྱབ་སྐྱོར་ནང་ཞུགས་པ་རེད། གངས་དཀར་ཞི་ཕོ་ཡུལ་སྐོར་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དུ་མ་རྐང་བཞག་པ་བརྒྱུད་ལོ་ལྟར་གཏན་འཇགས་ཀྱི་ཐུན་མོང་ཡོང་འབབ་སྒོར་ཁྲི2.4མངོན་འགྱུར་བྱུང་ཡོད། བརྔ་བསྡུ་འཕྲུལ་འཁོར་བོགས་མར་བཏང་ནས་ལོ་རེའི་ཡོང་འབབ་སྒོར་ཁྲི2.2ཟིན་གྱི་ཡོད། མ་དངུལ་སྒོར་ཁྲི160བཏང་ནས་རི་ངོས་ནོར་གནག་གསོ་སྤེལ་ར་བ་དང་བོད་ཕག་གསོ་སྤེལ་སོགས་ཁྱད་ལྡན་ཐུན་མོང་ཐོན་ལས་རྣམ་གྲངས་བསྐྲུན་ནས་ལོ་རེར་ཡོང་འབབ་སྒོར་ཁྲི20ཐོབ་པ་རེད།

གཞི་རིམ་རྩ་འཛུགས་སྟོབས་དང་ལྡན།།

བདེ་སྐྱིད་གྲོང་ཚོ་གསར་དུ་གཏོད།།

ལིའུ་ཐའོ་ཡིས་གྲོང་ཚོའི་ཏང་ཀྲི་པུའུ་སྒྲིག་འཛུགས་དང་སྣེ་ཁྲིད་དེ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”རྒྱུན་འཁྱོངས་ནས་གཞི་རིམ་ཏང་ཀྲི་པུའུ་ཡི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྔོན་ཐོན་གྱི་སྡེ་ཁག་གཏོད་པར་བརྩོན་ལེན་བྱས་ཡོད། རི་ངོས་གྲོང་སྡེའི་ཏང་ཀྲི་པུའུ་ལ་ལོ་གསུམ་ལ་བསྟུད་མར“ཕུལ་བྱུང་ཏང་རྩ་འཛུགས”ཀྱི་མཚན་སྙན་ཐོབ་པ་དང་། ཁུལ་རིམ་པའི་ཤེས་དཔལ་གྲོང་ཚོ་དང་ཡུལ་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོ། ཡུལ་སྡེ་དར་རྒྱས་གཏོང་བའི་མ་དཔེ་གྲོང་ཚོ་བཅས་སུ་བདམས་པ་རེད།

ལོ་རེ་བཞིན་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་སུ་ལིའུ་ཐའོ་ཡིས་གྲོང་ཚོའི“ཨུ་ལྷན་གཉིས”སྒྲིག་འཛུགས་བྱས་ཏེ་དུད་ཚང་སོ་སོར་བཅར་འདྲི་བྱས་པ་དང་བཅའ་ཁྲིམས་སྒྲོག་འགྲེལ་བྱེད་པ། རྩོད་གཞི་འདུམ་འགྲིག་བྱེད་པ་བཅས་བྱས་ནས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་དང་མང་ཚོགས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བ་རེད།

ལིའུ་ཐའོ་ཡི་འབད་བརྩོན་ལྷོད་མེད་འོག་གྲོང་ཚོ་དེའི་དོན་ཆུང་གྲོང་ཚོ་ནང་ཐག་གཅོད་ཐུབ་པ་དང་། དོན་ཆེན་པོ་གྲོང་རྡལ་ནང་ཐག་གཅོད་ཐུབ་པ། འགལ་རྩོད་གོང་ལ་ཞུ་མི་དགོས་པའི་ལས་ཆོད་མཐོ་བའི་མངོན་འགྱུར་བྱུང་ཡོད། ཁོང་གིས་ལྷག་བསམ་རྣམ་དག་གིས་རོགས་སྐྱོར་གནང་བས་ཡུལ་མི་ཚོས་མཐའ་གཅིག་ཏུ་ཁས་ལེན་པ་དང་། ཡུལ་མི་ཚོར་དོན་དག་ཆེ་ཆུང་གང་ཞིག་ཡོད་ན་ཡང་ཁོང་ལ་བློ་འདྲི་བ་དང་རོགས་བྱ་བར་བཙལ་དུ་ཡོང་བ་རེད།

ཡུལ་མི་ཚོའི་བྱ་བ་ཆུང་ཆུང་ཅི་འདྲ་ཞིག་ཡིན་རུང་དེ་ཡག་པོ་སྒྲུབ་པ་ནི་ང་རང་གི་བྱ་བ་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད”ཅེས་པ་དེ་ནི་ལིའུ་ཐའོ་རང་གི་བསྲུང་བྱའི་གདམས་ངག་ཡིན། དུས་ཡུན་ལོ10ཡི་རིང་གྲོང་ཚོ་དང་དུད་ཚང་། གང་ས་གང་དུ་ཁོང་གི་རྐང་རྗེས་དང་གཟུགས་བརྙན་མཐོང་རྒྱུ་ཡོད་ལ། བལྟས་ན་དེ་འདྲ་ཡངས་པོ་མིན་པའི་གྲོང་ཚོ་དེར་ལིའུ་ཐའོ་ཡི་ཁྲག་དྲོན་མོ་དང་རྔུལ་ཆུ་ཚ་མོས་ཡུལ་མི་ཚོར་ཞབས་ཕྱི་ཞུ་ནས་གུང་ཁྲན་ཏང་མི་ཞིག་གི་འགན་འཁྲི་བྲིས་ཡོད།

ལོ10ཡི་རིང་ལ་ལིའུ་ཐའོ་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི“ཕ་ཡུལ་གྱི་ཆེས་མཛེས་ཤོས་ཀྱི་མི”དང་ཞིང་ཆེན་ཡོངས་ཀྱི“ཕུལ་བྱུང་ཧྲུའུ་ཅི་དང་པོ” དར་མདོ་གྲོང་ཁྱེར“ཕུལ་བྱུང་གུང་ཁྲན་ཏང་མི”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པར་མ་ཟད། ཐེངས7ལ་དར་མདོ་གྲོང་ཁྱེར“ཕུལ་བྱུང་ཧྲུའུ་ཅི་དང་པོར”བདམས་པ་རེད། ད་ལོའི་ཟླ6ཚེས26ཉིན་ཁུལ་ཨུ་ཡིས་ཁོང་ལ་དཀར་མཛེས་ཁུལ་གྱི“ཕུལ་བྱུང་གུང་ཁྲན་ཏང་མིའི”མཚན་སྙན་གནང་ཞིང་། གཟི་བརྗིད་དེ་དག་ནི་ཁོང་གིས་དཀའ་སྤྱད་འབད་བརྩོན་བྱས་པའི་དཔང་པོ་ཡག་ཤོས་ཤིག་རེད།

ལིའུ་ཐའོ་ཡིས་དབུལ་ཐར་འགག་སྒྲོལ་དང་ཡུལ་སྡེ་དར་རྒྱས་གཏོང་བའི་རླབས་ཆེན་གྱི་བྱ་གཞག་ཁྲོད་ཞུགས་པ་ནི་ངའི་མི་ཚེའི་ཁྲོད་ཆེས་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན། ང་རང་འདི་གའི་མང་ཚོགས་དང་བྲལ་ཐབས་མེད་པ་དང་། འདི་གའི་མང་ཚོགས་ཀྱང་ང་དང་བྲལ་ཐབས་མེད་པ་ཞིག་ཏུ་ཆགས་ཡོད། ལས་དབང་ཞིག་གིས་རི་ངོས་གྲོང་ཚོའི་མང་ཚོགས་དང་ང་རང་བར་ཆགས་པའི་མཛའ་བརྩེ་ཟབ་མོ་འདི་ནི་ལུས་རྟེན་འདི་ནང་ནམ་ཡང་བརྗེད་ཐབས་མེད”ཅེས་བཤད།། ( སྐལ་བཟང་རྒྱ་མཚོས་བྲིས།)