སྤྱིར་མི་ཕན་ཚུན་འབྲེལ་བ་བྱེད་སྐབས་བག་ཆགས་བཟང་ངན་དེ། ཐོག་མར་ཕ་རོལ་པོའི་བྱད་གཟུགས་དང་ཆ་ལུགས་སོགས་རྣམ་པའི་ཐད་ནས་འཇོག་པ་དང་། དེ་ནས་རིམ་གྱིས་སྐད་ཆ་དང་གཤིས་རྒྱུད་སོགས་ནས་རྒྱུས་མངའ་བླངས་ཤིང་བཟང་ངན་ཡག་བཙོག་གི་གདེང་འཇོག་བྱེད་སྲོལ་ཡོད། དེ་ལས་སྐད་ཆ་ནི་མི་ཞིག་གི་ཡོན་ཚད་དང་། གཤིས་རྒྱུད། ལྟ་བ་སོགས་ཐད་ཀར་རྟོགས་ཐབས་ཀྱི་ལམ་བུ་གལ་ཆེན་ཞིག་ཡིན་པས། སྐད་ཆ་ནི་མི་ཞིག་གི་སེམས་ཁམས་རྟོགས་བྱེད་ཀྱི་སྒོ་མོ་གལ་ཆེན་ཞིག་ཡིན་ཞེས་མཁས་པའི་ལེགས་བཤད་དུ་གྱུར་ཡོད།
དེ་ཡང་མི་ཞིག་གིས་གང་བརྗོད་པར་འདོད་པའི་དོན་གྱི་གནས་ལུགས་ཡོངས་སུ་མཚོན་ནུས་པའི་སྐད་ཆ་དེ་ནི། ལྟེ་ཁྲག་དང་པོ་འཕོ་སའི་ཕ་མེས་ལས་བརྒྱུད་པའི་སྐད་ཆ་དེ་ཡིན་ཤས་ཆེ། དེ་ལ་ཕ་སྐད་ཀྱང་ཟེར། སྤྱིར་མདོ་དབུས་ཁམས་གསུམ་གྱི་བོད་མི་སྤྱི་བོ་གནམ་བསྟན་ཡོངས། ཕ་སྤྲེལ་རྒན་དང་། མ་བྲག་སྲིན་མོ་གཉིས་ལས་བརྒྱུད་པའི་རིགས་གཅིག་དང་། སྐད་གཅིག། ཡི་གེ་གཅིག། དད་ཞེན་གཅིག་ཏུ་གྱུར་པའི་གོང་བུ་ཞིག་ཡིན་མོད། འོན་ཀྱང་། འགྲིམ་འགྲུལ་དང་ས་བབ། སྤྱི་ཚོགས་གནས་སྟངས་སོགས་ཡུལ་དུས་ཀྱི་དབང་གིས། ལུང་པ་རེ་ལ་ཆུ་འགོ་རེ། །ས་ཆ་རེ་ལ་སྐད་ལུགས་རེ་ཞེས་པ་ལྟར། བོད་ལ་ཁམས་སྐད་དང་། ཨམ་སྐད། དབུས་སྐད་བཅས་ཡུལ་སྐད་ཆེན་པོ་གསུམ་དུ་གྲགས་མོད། དེའི་ནང་ལས་ཁམས་ཀྱི་འབྲོག་པ་ཕུད་པའི་རོང་པ་ཕལ་ཆེར་རྫོང་ཁག་རེ་ལ་སྐད་ལུགས་རེའི་རྣམ་པ་ཆགས་པ་དང་། དེ་ལས་ཁྱད་ཆོས་ཅན་ནི་རྒྱལ་རོང་གི་སྐད་དང་། མི་ཉག་གི་སྐད། རྟའུ་ཡི་སྐད། སྨར་ཁམས་དང་བྲག་གཡབ་ཀྱི་ཡུལ་ལུང་ཁ་ཤས་ལ་གྱར་བའི་སྨར་སྐད་སོགས་མང་པོ་ཡོད་པས། བོད་ཡིག་གི་རྨང་གཞི་ངེས་ཅན་ཞིག་མེད་པའི་ཡུལ་སྐད་སྨྲ་བ་དེ་དག་ཕན་ཚུན་འབྲེལ་བ་བྱེད་སྐབས་སྐད་རིགས་གཞན་ལ་བརྟེན་དགོས།
དེ་ཡང་། བོད་ཀྱི་ཨར་སྐྲུན་དགེ་རྒན་ཆེན་མོ་མི་ཉག་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གསུངས་དོན་ལ། སྤྱི་ལོ་༡༩༥༣ལོར་ཁོང་རང་མི་ཉག་ཏུ་ཡོད་ཚེ། དར་མདོ་གྲོང་ཁྱེར་དང་བརྒྱད་ཟིལ་རྫོང་སོགས་འབོ་གངས་དཀར་གྱི་ཉེ་འཁོར་ཡུལ་ཚོ་མང་པོས་མི་ཉག་སྐད་བཤད་ཀྱི་ཡོད། ༡༩༨༠ལོར་མི་ཉག་ཏུ་འགྲོ་དུས། མི་ཉག་སྐད་ཤེས་མཁན་གངས་དཀར་ཡུལ་ཚོ་དང་། ས་སྡེ། བོན་པོ་གཤིས།
འཇིག་རྟེན། ཐང་མགོ་བཅས་ཡུལ་ཚོ་བཞི་ལྔ་ཙམ་ལས་མི་འདུག། ༡༩༨༣ལོར་ཁོང་གིས་གནད་དོན་དེ་ལ་དམིགས་ནས་མི་སེར་ལ་སྐུལ་མ་བཏང་སྟེ་མི་ཉག་སྐད་སྲུང་སྐྱོབ་བྱ་རྒྱུའི་བྱ་འགུལ་མང་པོ་སྤེལ་བ་ཡིན། འོན་ཀྱང་། ཡུལ་སྐད་ཙམ་མ་ཟད། ད་དུང་བཟའ་བཏུང་དང་གྱོན་ཆས། སྡོད་ཁང་། གླུ་བྲོ་སོགས་གང་ཅིའི་ཐད་ཀྱང་ཉམས་གསོ་བྱ་དགོས་པའི་གནད་དོན་མང་པོ་འདུག་གསུངས།
དེས་ན་བདག་ཅག་གིས་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་དོན་སྤྱི་སྟོང་པ་ཙམ་མ་ཡིན་པར་བྱེ་བྲག་ཏུ་ས་གནས་ཀྱི་རིག་གནས་ཁག་རྩ་བར་བཟུང་ནས། འཕྲིན་སྦྱོར་ལས་ཁུངས་དང་བྱིས་སློབ་ཁང་། ཆུང་འབྲིང་སློབ་གྲྭའི་སློབ་གསོ་ནང་ས་གནས་ཀྱི་རིག་གནས་ཁྱབ་སྤེལ་བྱ་རྒྱུ་གལ་ཆེ།
དེ་ཡང་། ང་རང་ལ་རྒྱལ་རོང་འབར་ཁམས་ཀྱི་གྲོགས་པོ་ཞིག་ཡོད། ཁོ་མོའི་མིང་ལ་ཆོས་ཐར་ཟེར། རྒྱ་ཡིག་གི་ཐོག་ནས་ཆོ་སི་ཐར་(确斯太)ཞེས་ཡིག་འབྲུ་གསུམ་འབྲི་སྲོལ་ཡོད། ངས་དེའི་རྒྱུ་མཚན་དྲིས་པས། ཁོ་མོས་ཆོས་ཐར་ཞེས་པ་དེ་རྒྱལ་རོང་གི་སྐད་ནས་བརྗོད་ཚེ། ཆོ་ས་ཐ་ར་ཞེས་པ་ལྟ་བུ་འབྲུ་བཞི་ཙམ་གྱི་སྒྲ་འདྲར་བཀླགས་འདུག། ངས་ཡིག་འབྲུ་གཉིས་ལས་མེད་པ་དེ་འབྲུ་བཞིའི་སྒྲ་རུ་ཀློག་དོན་ཅི་ཡིན་ཞེས་པས། ཁོ་མོས་འབྲུ་གཉིས་ཀྱི་སྒྲ་མ་གཏོགས་མེད་ཟེར། འོན་ཀྱང་། ཕྱི་མི་ཞིག་གིས་ཉན་ཚེ་འབྲུ་གསུམ་མམ་བཞིའི་སྒྲ་འདྲ་འདུག། དེ་ནས་ངས་ཁོ་མོར་སྤྱི་ཚོགས་རིང་ལུགས་ཞེས་པ་དེ་རྒྱལ་རོང་སྐད་དུ་ཅི་འདྲ་ཟེར་རམ་ཞེས་པས། ཁོ་མོས་སི་པི་ཡི་ཚོག་ས་རིང་ལུག་ས་ཞེས་འདྲར་བཀླགས་སོང་། རྒྱུ་མཚན་ནི་སློབ་ཆུང་དགེ་རྒན་གྱིས་དེ་ལྟར་བསླབས་བྱུང་ཟེར། འོན་ཀྱང་། ད་ལྟ་བོད་སྐད་ཡིག་གི་དགེ་རྒན་རྣམས་སློབ་གྲྭ་ཆེན་པོ་ནས་ཐོན་པའམ་འབྲོག་ཁུལ་ནས་ཡོང་བས། ཡུལ་ལུང་གི་ཁྱད་ཆོས་ལྡན་པ་དེ་སློབ་མཁན་མི་འདུག། དགོན་པ་ནང་ཆ་ཤས་ཡོད་ཀྱང་། གྲྭ་ས་ཆེ་ཁག་ལ་འགྲིམ་དུས་བོད་བྱིངས་ཀྱི་ལུགས་ལྟར་སོང་བ་རེད་འདུག།
ཕྱིས་སུ་ང་རང་གིས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་མཆོག་ལ་བཀའ་འདྲི་ཞུ་དུས། ཁོང་གིས་གསུངས་དོན་ལ། མདོ་སྨད་ཆོས་འབྱུང་དང་སི་ཏུའི་སུམ་རྟགས་སོགས་ལས་རྒྱལ་རོང་སྐད་དུ་བོད་བཙན་པོའི་སྐབས་ཀྱི་བརྡ་ཆད་མང་པོ་ཡོད་དེ། དཀར་པོ་ལ་པྲོམ་མམ་པོ་རོམ་ཞེས་པ་ཏུན་ཧོང་གཏེར་ཡིག་གི་ཐང་པྲོམ་ཞེས་པ་དེ་ཐང་དཀར་ལ་གོ་བ་དང་འདྲ། ཐུབ་མ་ཐུབ་ལ་རྒྱལ་རོང་སྐད་དུ་ཁྱེ་མ་ཁྱེ་དང་། རྩམ་པ་ལ་གཏིགས་དཀར། འགྲོ་ལ་ཆས། རྡུང་ལ་གཏལ། གཏམ་རྗོད་ལ་འཐམས་པ་ལྟ་བུ་ཧ་ཅང་མང་། གཞན་ཡང་རྒྱལ་རོང་སྐད་དུ་བཙན་པོའི་གོང་གི་ཞང་ཞུང་གི་བརྡ་ཆད་ཀྱང་ཡོད་དེ། གཅིག་ལ་ཏིག་དང་བདུན་ལ་སྙེས་ཟེར། ཀུ་རུ་སྡེ་ཤོག་ཅེས་སྟོད་མངའ་རིས་ནས་གནས་སྐོར་བ་ཁག་གཅིག་རྒྱལ་རོང་དུ་གཞིས་ཆགས་པས་ཡུལ་ཚོའི་མིང་ལ་ཀུ་རུ་ཞེས་ཐོགས་པའང་། ཀུ་རུ་ཞེས་པ་ཞང་ཞུང་སྐད་དུ་གནས་སྐོར་བའི་དོན་ཡིན་པ་དང་། གཞན་ཡང་རྒྱལ་རོང་བས་སྔགས་ཀློག་སྟངས་ལྟར་སྔོན་རྗེས་བརྩེགས་འདོགས་ཕྲལ་ནས་བཀླགས་པས། ཁྲ་ཁྲ་ལ་ཁ་ར་ཁ་ར་དང་། བྱ་ལ་བ་ཡ། བྱི་ལ་བིའི། འགྱུར་མེད་རྣམ་རྒྱལ་ལ་འགྱུ་ར་མེ་ད་རྣ་མ་རྒྱ་ལ་ཞེས་འདོན་སྲོལ་ཡོད། གལ་སྲིད་གནས་ལུགས་དེ་དག་རེ་རེ་བཞིན་ཤེས་སོང་ན། བོད་རིགས་ཤིག་གིས་རྒྱལ་རོང་སྐད་སྦྱོང་བའམ། རྒྱལ་རོང་བས་བོད་བྱིངས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པ་ལ་དཀའ་ཚེགས་ཡོད་མི་སྲིད་ཅེས་ཡང་ཡང་གསུངས་བྱུང་།
རྒྱུ་མཚན་དེ་རིགས་ལ་དམིགས་ནས་རང་ཉིད་ཀྱིས་ཀྱང་ཕ་ཡུལ་ཕྱག་ཕྲེང་གི་འཕྲིན་སྦྱོར་ལས་ཁུངས་དང་བྱིས་སློབ་ཁང་། སློབ་གྲྭ་ཆུང་འབྲིང་གི་སློབ་མར་རང་རིགས་ཀྱི་རིག་གནས་རྒྱུད་སྤེལ་བྱ་རྒྱུ་དང་བོད་སྐད་ཡིག་གི་ཆུ་ཚད་ཇེ་མཐོར་འགྲོ་བ་ལ་ཕན་ཐོགས་ན་བསམ་ནས། ཡུལ་སྐད་ཀྱི་ཤན་ཅུང་ཆེ་བའི་ཕྱག་ཕྲེང་སྐད་དང་ཡིག་སྐད་བར་བསྡུར་བ་མདོར་བསྡུས་ཤིག་བྱེད་ལགས་ཏེ།
ཁམས་ཕྱག་ཕྲེང་ནི་སྤོ་འབོར་སྒང་གི་ཁོངས་སུ་གཏོགས། ལི་ཐང་དང་རྒྱལ་ཐང་གི་བར་ན་ཆགས་པས། ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་དང་རྒྱལ་ཐང་སུམ་རྩེན་གླིང་ལ་ཕྱག་ཕྲེང་བསམ་འཕེལ་གླིང་དགོན་པའི་ཁང་ཚན་ཡོད། ཡུལ་ཕྱོགས་འདི་མདོ་དབུས་མཐོ་སྒང་གི་ལྷོ་ཕྱོགས་སུ་ཆགས་པ་དང་། ཤར་ལ་འདབ་པ་རྫོང་དང་། ལྷོ་ལ་རྒྱལ་ཐང་རྫོང་། ནུབ་ལ་འབའ་ཐང་རྫོང་དང་སྡེ་རོང་རྫོང་། བྱང་དུ་ལི་ཐང་རྫོང་བཅས་ཡོད། ཕྱག་ཕྲེང་གི་གཞུང་ལམ་གཙོ་བོ་ནི་རྒྱལ་སྲུང་ལམ་ཐིག༣༡༨ཉེ་འགྲམ། སི་ཁྲོན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་གྱི་ལམ་ཐིག་དེ་ཡིན། དེ་ནི་ལི་ཐང་ནས་ཕྱག་ཕྲེང་དང་། རྒྱལ་ཐང་བཅས་བརྒྱུད་ཡོད་ལ། ཕྱག་ཕྲེང་ནས་སྡེ་རོང་བརྒྱུད་རྒྱལ་ཐང་ལའང་འགྲོ་ཆོག། རང་གི་མཐོང་སྣང་ལ། ཁམས་ཕྱོགས་ཕྱག་ཕྲེང་རྫོང་དང་འདབ་པ་རྫོང་། སྡེ་རོང་རྫོང་། ལི་ཐང་རྫོང་། འབའ་ཐང་རྫོང་། རྒྱལ་ཐང་རྫོང་། བདེ་ཆེན་རྫོང་། སྨར་ཁམས་རྫོང་། འབའ་ལུང་རྫོང་སོགས་ཀྱི་སྐད་དང་། ཆ་ལུགས། ཡུལ་མིའི་ཕྱི་ཚུལ་གྱི་རྣམ་པ་སོགས་འདྲ་ས་མང་ཙམ་ཡོད། ས་ཆ་དེ་དག་ཕན་ཚུན་ཐག་ཉེ་ཞིང་འཇང་རིགས་དང་འབྲེལ་བས་འཇང་ལུགས་ཀྱང་ཅུང་ཟད་འདྲེས་ཡོད་ཚོད་འདུག།
དེའི་ནང་ལས་ཕྱག་ཕྲེང་གི་ཡུལ་སྐད་ནི་སྡེ་རོང་དང་། འདབ་པ། རྒྱལ་ཐང་བཅས་དང་ཐག་ཉེ་ཆེ། ཕྱག་ཕྲེང་རྫོང་དུ་མཚོ་འཕགས་སྨི་༢༨༥༠ལྷག་ཡོད། ཡུལ་ཚོ་ཕལ་ཆེར་ཞིང་པ་ཡིན་ཡང་དུད་ཚང་ཁག་ནས་མི་རེ་གཉིས་ཙམ་འབྲོག་སར་སོང་སྟེ་འབྲོག་ལས་གཉེར་སྲོལ་ཡོད་པས། ཞིང་འབྲོག་གཉིས་ཀྱི་ཐོན་ཁུངས་འཛོམས་པའི་ས་ཆ་ཉམས་དགའ་མོ་ཞིག་ཡིན།
ད་ལྟ་ཕྱག་ཕྲེང་རྫོང་ལ་མི་ཁྲི་གསུམ་ལྷག་དང་། ཕྱག་ཤོག་དང་ཕྲེང་ཤོག་སོ་སོར་ཁྲི་གཅིག་ལྷག་ཡོད་ཚོད་འདུག། ཕྱག་ཕྲེང་གི་སྐད་ལ་ཕྱག་སྐད་དང་ཕྲེང་སྐད་བཅས་རིགས་ཆེ་བ་གཉིས་སུ་འབྱེད་སྲོལ་ཡོད།
འདིར་བརྙན་འཕྲིན་ཁང་དང་རླུང་འཕྲིན་ཁང་སོགས་འཕྲིན་སྦྱོར་ལས་ཁུངས་དང་། བྱིས་སློབ་ཁང་། ཆུང་འབྲིང་སློབ་གྲྭའི་དགེ་རྒན་རྣམས་ལ་དཔྱད་གཞི་ཙམ་དུ། ཕྱག་ཕྲེང་ཡུལ་སྐད་ཀྱི་ཁྱད་ཆོས་རྣམས་བོད་ཀྱི་ཡིག་སྐད་དང་སྦྱར་ནས་སྒྲ་གདངས་དང་། ཐ་སྙད། བརྡ་སྤྲོད་བཅས་ཀྱི་ཐད་ནས་བསྡུར་བ་ཅུང་ཙམ་བྱས་ན།
དང་པོ། སྒྲ་གདངས་ཀྱི་སྐོར།
བོད་ཀྱི་སྐད་བརྡ་རིག་པའི་ཆེད་མཁས་བཙན་ལྷ་ངག་དབང་ཚུལ་ཁྲིམས་མཆོག་གིས། བོད་ཀྱི་ཡུལ་སྐད་ཅི་འདྲ་ཡིན་ཡང་། སྒྲ་ཡི་གདངས་ལ་ཁྱད་པར་མེད། ཁྱད་པར་ཡོང་ས་གཙོ་བོ་ནི་ཡི་གེའི་སྒྲ་ཀློག་སྟངས་དང་། ཐ་སྙད་བེད་སྤྱད་སྟངས་དེ་ཡིན་ཞེས་གསུངས་པ་ལྟར། ང་རང་གིས་ཀྱང་སྐད་གདངས་ཀྱི་ཐད་ནས་ཁྱད་པར་མ་རྙེད། དེས་ན། འདིར་ཡི་གེའི་སྒྲ་ཀློག་སྟངས་ཀྱི་ཐད་ནས་དབྱེ་ཞིབ་མདོ་ཙམ་བྱས་ན། ཕྱག་ཕྲེང་གི་ཡུལ་སྐད་ནི་དེའི་ཐུན་མོང་མ་ཡིན་པའི་ཡི་གེ་ཀློག་སྟངས་དང་ཐད་ཀར་འབྲེལ་བ་ཧ་ཅང་ཆེ། ཐོག་མར་བོད་ཡིག་གི་རྩ་བ་གསལ་བྱེད་སུམ་ཅུའི་སྒྲ་ཀློག་སྟངས་ནས་བཤད་ན། གནས་དང་བྱེད་རྩོལ་ལ་ཁྱད་པར་ཆེན་པོ་མ་མཐོང་ཡང་། སྒྲ་ཀློག་སྟངས་དེ་བོད་བྱིངས་ཀྱིས་གསལ་བྱེད་སོ་སོའི་རྗེས་སུ་འ་སྒྲ་སྦྱར་ནས་བཀླགས་པ་དང་མ་འདྲ་བར། ཕྱག་ཕྲེང་བས་ཀ་ནས་ཨའི་བར་ཡི་གེ་སོ་སོར་མཐའ་རྟེན་འ་ཡིག་ལ་དབྱངས་བཞི་པ་ན་རོ་སྦྱར་ནས་བཀླགས་པ། དཔེར་ན། ཀའོ་ཁའོ་གའོ་ངའོ། ཅའོ་ཆའོ་ཇའོ་ཉའོ། ཏའོ་ཐའོ་དའོ་ནའོ། པའོ་ཕའོ་བའོ་མའོ། ཙའོ་ཚའོ་ཛའོ་ཝའོ། ཞའོ་ཟའོ་འའོ་ཡའོ། རའོ་ལའོ་ཤའོ་སའོ། ཧའོ་ཨའོ་ལྟ་བུའོ༎
དབྱངས་དང་པོ་གི་གུའི་སྒྲ་ནི་དབུས་པ་དང་འདྲ་བར༼ i ༽ སྒྲ་ཡིན། དབྱངས་གཉིས་པ་ཞབས་ཀྱུའི་སྒྲ་ནི་བོད་བྱིངས་དང་འདྲ་བར༼ u༽ སྒྲ་ཡིན། འོན་ཀྱང་ཕྱག་ཕྲེང་གི་ཡུལ་སྐད་དུ་ཞབས་ཀྱུའི་སྒྲ་ཉུང་། དཔེར་ན། བཞུགས་ལ་བཞགས། འདུག་ལ་འདག། དྲུག་ལ་དྲག། སྒུག་ལ་སྒག། བཀུག་ལ་བཀག་སོགས། འགའ་ཤས་ནི་དབྱངས་དང་པོའི་སྒྲ་འདྲར་བཀླགས་པ་སྟེ། ཆུ་ལ་ཆི་དང་། དགུན་ཁ་ལ་དགིན་ཁ། རྒུན་འབྲུམ་ལ་རྒིན་འབྲུམ་ལྟ་བུ། དབྱངས་གསུམ་པ་འགྲེང་བུ་ནི་དབྱངས་དང་པོའི་སྒྲ་དང་ཁྱད་ཆེན་པོ་མི་འདུག། དབྱངས་བཞི་པ་ན་རོ་ནི་བོད་བྱིངས་དང་འདྲ་བ
༼ o༽ སྒྲར་བཀླགས་ཀྱང་ཁ་སྐད་ནང་བེད་སྤྱད་ཉུང་། རྗེས་འཇུག་ང་ཡིག་ཅན་ནི་མིང་གཞིར་ན་རོ་སྦྱར་བ་ལྟར་ཀློག་པ་ཁམས་བྱིངས་དང་འདྲ། གཞན་ཡང་རྗེས་འཇུག་ར་སྒྲ་གསལ་པོ་མེད་ལ་མང་ཆེ་བ་རྗེས་འཇུག་ས་སྒྲར་བཀླགས་པ། དཔེར་ན། དཀར་དཀར་ལ་དཀས་དཀས། དམར་དམར་ལ་དམས་དམས་ལྟ་བུ། རྗེས་འཇུག་ས་དང་ལ་ཡི་སྒྲ་ཕལ་ཆེར་གཅིག་མཚུངས་ཡིན་པ་དབུས་སྐད་དང་འདྲ། ཡང་འཇུག་ནི་རྗེས་འཇུག་གང་དེའི་རྗེས་སུ་འབྲངས་ནས་རང་སྒྲ་གསལ་པོ་མི་མངོན།
ཀ་དང་ཁ། ག་བཅས་ལ་འདོགས་ཅན་ཡ་བཏགས་ནས་ཙའོ་དང་ཚའོ། ཛའོ་ཡི་སྒྲར་འདོན་ཞིང་། པ་དང་ཕ་ལ་ཡ་བཏགས་ནས་སའོ་ཡི་སྒྲ་ཆེ་ཆུང་གཉིས་དང་། བ་ལ་ཡ་བཏགས་ནས་ཟའོ་རུ་བཀླགས། མིང་གཞི་དོར་ནས་ཡ་བཏགས་ཁོ་ན་ཀློག་པ་ནི། བྱེད་ལ་ཡེད་ལྟ་བུ། འདོགས་ཅན་ར་བཏགས་ནི་བརྡ་རྙིང་ལྟར་ཡ་བཏགས་ཀྱིས་ཚབ་བྱེད་པ་མང་། དཔེར་ན། འགྲོ་ལ་འགྱོ། ཁྲག་ལ་ཁྱག། ཕྱག་ཕྲེང་ལ་ཕྱག་ཕྱིང་། ཆུ་གྲང་ལ་ཆུ་གྱང་། གྲོ་འབྲུ་ལ་གྱོ་འབྲུ། སྐྲ་ལ་སྐྱ། སྐྲག་ལ་སྐྱག། གྲི་ལ་གྱི། སྒྲིམ་ལ་སྒྱིམ། སྒྲོ་ལ་སྒྱོ། ལུས་པོ་ཁྲུས་ལ་ལུས་པོ་ཁྱུས། སྒྲོན་ཤིང་ལ་སྒྱོན་ཤིང་། འཕྲོ་བརླག་ལ་འཕྱོ་བརླག་ལྟ་བུ་ཧ་ཅང་མང་། མི་ལ་མྱི་དང་མེ་ལ་མྱེ། མིང་ལ་མྱང་ཞེས་ཀློག་པ་ནི་བརྡ་རྙིང་ཡིན་པ་འདྲ། དེ་མིན་བརྩེགས་འདོགས་ཡི་གེ་རྣམས་དབྱངས་གསལ་གྱི་སྒྲ་གདངས་མི་འདྲ་བའི་འགྱུར་བ་ཙམ་ལས་དམིགས་བསལ་གྱི་ཁྱད་པར་མི་སྣང་།
གཉིས་པ། ཐ་སྙད་ཀྱི་སྐོར།
བོད་སྐད་ལ་ཐ་སྙད་ཀྱི་ཁྱད་པར་ཡོང་རྩ་གཙོ་བོ་ནི་དོན་གཅིག་མིང་གི་རྣམ་གྲངས་དང་མིང་གཅིག་དོན་གྱི་རྣམ་གྲངས་ནས་བྱུང་བ་མང་། ཕྱག་ཕྲེང་གི་ཐ་སྙད་ཕལ་ཆེ་བ་ཡིག་ལམ་དུ་ཕབ་མི་ཐུབ་པའི་དཀའ་བ་མེད་ཀྱང་། ཁ་སྐད་དུ་མིང་གཞིའི་ཡི་གེ་འགའ་ཤས་བརྗེ་པོ་རྒྱག་སྲོལ་ཡོད་པས་ཡུལ་སྐད་ཀྱི་ཁྱད་པར་བྱུང་བ་འདྲ། དཔེར་ན།
1. ལ་དང་ཡ་བརྗེ་བ། ལས་ལ་ཡས། ལུག་ལ་ཡག།༼ ཡུག༽ ལོ་ལ་ཡོ། ལུང་པ་ལ་ཡུང་པའོ། ལིང་ཏོག་ལ་ཡིང་ཏོག། སོག་ལེ་ལ་སོག་ཡེ། ལུང་ཐག་ལ་ཡུང་ཐག། ལུད་ལ་ཡུད། ལི་ཏིང་ལ་ཡི་ཏིང་། གློ་བ་ལ་ཡོ་བ། ལམ་ལ་ཡམ། ཁུ་བྱུག་ལ་ཁུ་ཡུག། ལོགས་བྲིས་ལ་ཡོགས་བྲིས། ཆུ་བླུགས་ལ་ཆུ་ཡུགས། ཀླུང་ལ་ཡུང་ལྟ་བུའོ།།
2. ཇ་དང་ཞ་བརྗེ་བ། འཇའ་ལ་འཞའ་ལྟ་བུའོ།།
3. ཆ་དང་ཡ་བརྗེ་བ། ཁ་ཆུ་ལ་ཁ་ཡུ། གཤོག་ཆུ་ལ་གཤོག་ཡུ། རྨ་ཆུ་ལ་རྨ་ཡུ་ལྟ་བུའོ།།
4. ཐའམ་ཏ་དང་ར་བརྗེ་བ། སྲོ་ཐག་ལ་སྲོ་རག། སྐེ་ཐག་ལ་སྐེ་རག། འོག་ཐོག་ལ་འོག་རོག། ལི་ཐང་ལ་ཡི་རང་། མེ་ཏོག་ལ་མེ་རོག་ལྟ་བུའོ།།
5. ན་དང་ར་བརྗེ་བ། ཁོ་ནི་བོད་རེད་ཅེས་པ་ལ་ཁོ་རི་བོད་རེད་ལྟ་བུའོ།།
6. ཛ་དང་ཚ་བརྗེ་བ། རྒྱལ་མཚན་ལ་རྒྱལ་མཛན་ལྟ་བུའོ།།
7. ཡ་དང་ཟ་བརྗེ་བ། ཡག་པོ་ལ་ཟག་པོ། གཡག་ལ་གཟག། གཡེར་མ་ལ་གཟེར་མ། ཡར་འགྲོ་ལ་ཟར་འགྱོ། དཀར་ཡོལ་ལ་དཀར་ཟོལ། གཡུ་ལ་གཟུ། ༼ གཟི ༽ དབྱར་ཁ་ལ་གཟར་ཁ། གཡེར་མ་ལ་གཟེར་མ། གཡོག་ལ་གཟོག། གཡར་ལམ་ལ་གཟར་ལམ། ཡི་གེ་ལ་ཟི་གེ། ཡོས་ལོ་ལ་ཟོས་ཡོ། མིག་ཡ་ལ་མིག་ཟ། སྟ་ཡུ་ལ་སྟ་ཟུ། བླུགས་པ་ལ་ཡུགས་པ། ཡོད་པ་ལ་ཟོད་པ། ཡིན་ལ་ཟིན། གཡུལ་ལ་གཟུལ། ཡུར་འཇོར་ལ་ཟུར་འཇོར། ཡུར་མ་ཡུར་ལ་ཟུར་མ་ཟུར་ལྟ་བུའོ།།
8. བ་དང་ག་བརྗེ་བ། རི་བོང་ལ་རི་གོང་ལྟ་བུའོ།།
9.ཟ་དང་ཛ་བརྗེ་བ། ཟམ་པ་ལ་ཛམ་པ་ལྟ་བུའོ༎
10. མིང་མཐའ་ཡི་པོ་དང་མོ་བརྗེ་བ། རིང་པོ་ལ་རིང་མོ། མང་པོ་ལ་མང་མོ། བཟང་པོ་ལ་བཟང་མོ་ལྟ་བུའོ།།
11. མིང་མཐའ་ཡི་བ་དང་ཡ་བརྗེ་བ། སྐལ་བ་ལ་སྐལ་ཡ། མཆེ་བ་ལ་མཆེ་ཡ་ལྟ་བུའོ།།
12.མིང་གཞི་བོར་ནས་འདོགས་ཅན་ཁོ་ན་འདོན་པ། བྱེད་ལ་ཡེད་ལྟ་བུ།
13.བ་ཡིག་ཀློག་སྟངས་དམིགས་བསལ་ཅན་ཞིག་ནི། དབུགས་ལ་སྦུགས་དང་། དབང་ལ་སྦང་ཀློག་པ་ནི་བོད་བྱིངས་ཀྱི་མིང་གཞི་བ་ཡིག་ལ་སྔོན་རྗེས་ཡོད་པར་ཝ་ཡི་སྒྲ་ཀློག་པ་ལ་ཕྱག་ཕྲེང་བས་སྦ་ཡི་སྒྲ་བཀླགས།
14.ཆུང་ཚིག་གི་སྒྲ་འུ་དང་ལེ་བརྗེ་བ། རྟེའུ་ལ་རྟ་ལེ། བེ་འུ་ལ་བེ་ལེ། བུ་ཆུང་ལ་བུ་ལེ་ལྟ་བུའོ།།
15.ཁ་དོག་གི་མིང་ནི། དཀར་པོ་ལ་དཀར་དཀར། དམར་པོ་ལ་དམར་དམར། སྔོ་པོ་ལ་སྔོ་སྔོ། སེར་པོ་ལ་སེར་སེར་སོགས།
16.ཁམས་སྐད་མང་ཆེ་བར་འགི་དང་མི་འགི་ཞེས་པ་ལ་འབའ་བ་དང་སྨར་ཁམས་སོགས་དང་འདྲ་བར་སྣང་དང་མི་སྣང་། གཞན་ཡང་དབུས་སྐད་ལྟར་འདུག་དང་མི་འདུག་ཅེས་ཀྱང་ཟེར་སྲོལ་མང་།
གསུམ། བརྡ་སྤྲོད་ཀྱི་སྐོར།
ཕྱག་ཕྲེང་གི་ཡུལ་སྐད་ཀྱི་བརྡ་ཡི་འགྲོ་ལུགས་དེ་བོད་ཀྱི་སུམ་རྟགས་ཀྱི་བརྡ་སྤྲོད་རིག་པ་ལྟར་ཡིན་ཡང་། ཁ་སྐད་ཐོག་ཕྲད་དང་རྣམ་དབྱེ་བེད་སྤྱད་སྟངས་ཀྱི་ཐད་ནས་ཁྱད་པར་ཅུང་ཟད་ཡོད་དེ། བྱེད་འབྲེལ་གཉིས་ལས་འི་དང་འིས་བེད་སྤྱད་པ། དཔེར་ན། ངའི་གོས་དང་། ངས་གོས་གྱོན་ལྟ་བུ། ལ་དོན་གྱི་ཕྲད་ལས་ན་ལ་གཉིས་བེད་སྤྱད་པ་མང་། དཔེར་ན། ཁྱིམ་ན་ཡོད། རྒྱ་ཡུལ་ཡ༼ ལ ༽ འགྲོ་ལྟ་བུ། ལྷག་བཅས་ཀྱི་སྒྲ་དོད་དུ་ནས་སྒྲ་བེད་སྤྱད་པ། དཔེར་ན། ཡར་ཡངས
༼ ལངས ༽ ནས་ཟན་འཆའ་ལྟ་བུ། རྒྱན་སྡུད་ཀྱི་ཕྲད་ལས་འང་བེད་སྤྱད་པ། དཔེར་ན། ཁོའང་བོད་རིགས་རེད། ང་ཡའང༼ ལའང ༽ སྒོར་མོ་ཡོད་ལྟ་བུ། དེ་སྔ་འབྱེད་སྡུད་ཀྱི་ཕྲད་མཐོང་མ་བྱུང་། འབྱུང་ཁུངས་ཀྱི་ཕྲད་ནས་ལས་གཉིས་བེད་སྤྱད་མང་ལ་རིགས་མཐུན་དགར་ནས་མི་མཐུན་ལས་སོགས་བརྡ་སྤྲོད་ཀྱི་ལུགས་དང་ཧ་ཅང་མཐུན་ཏེ། སྐས་ནས་མར་བབ། ཕྱག་ཕྲེང་ནས་ལྷ་ས། མྱི་ཡི་ནང་ནས་གྲྭ་པ་ཡག། ཁྱེད་ཡས༼ ལས ༽ ཁོ་མཁས་ལྟ་བུ། ནི་སྒྲའི་ཚབ་ལ་རི་སྦྱར་བ། དཔེར་ན། ཁོ་ནི་ལྷ་ས་བ་རེད་ལྟ་བུ་ལ་ཁོ་རི་ལྷ་ས་བ་རེད། དང་སྒྲ་ནི་མིང་གཞི་ད་དང་ར་བརྗེ་བ། དཔེར་ན། ཁྱེད་དང་ཁོ་ལ་ཁྱེད་རང་ཁོ་ལྟ་བུ། དེ་སྒྲ་དང་འདི་སྒྲའི་ཁྱད་པར་བོད་བྱིངས་དང་མཚུངས། སྤྱི་སྒྲ་ལས་སུ་སྒྲ་ཕུད་དེ་མིན་ཕལ་ཆེར་གང་སྒྲས་ཚབ་བྱེད་སྲོལ་ཡོད། དགག་སྒྲའི་ཕྲད་མ་མི་མིན་མེད་བཞི་པོའི་སྦྱར་སྲོལ་དེ་བརྡ་སྤྲོད་ཀྱི་ལུགས་ཇི་བཞིན་ཡིན།
མདོར་ན། གོང་གསལ་ཕྱག་ཕྲེང་གི་ཡུལ་སྐད་དང་ཡིག་སྐད་བར་གྱི་བསྡུར་བ་མདོར་བསྡུས་དེ་ནི། ཕྱག་ཕྲེང་གི་བྱིས་སློབ་ཁང་དང་། སློབ་གྲྭ་ཆུང་འབྲིང་གི་བོད་སྐད་ཡིག་གི་སློབ་གསོའི་དཔྱད་གཞི་ཙམ་མ་ཟད། བདག་ཅག་གི་ཁྱད་ཆོས་ལྡན་པའི་ཡུལ་སྐད་དང་། གྱོན་ཆས། བཟའ་བཏུང་། དུས་ཆེན། སྡོད་ཁང་སོགས་གཏན་འཇགས་སུ་གྱུར་པའི་རིག་གནས་ཁག་ཇི་སྲིད་བར་རྩ་བ་བརྟན་ཅིང་ལོ་འདབ་རྒྱས་པའི་རྒྱུར་གྱུར་ཅིག་ཅེས་བཀྲ་ཤིས་སྨོན་འདུན་གྱིས་མཇུག་བསྡུས་སོ།།
༼ ཟླ་བ་ཚེ་རིང་དང་བཀྲ་ཤིས་ལུང་རིགས་ཀྱིས་བྲིས། ༽