སྤྱི་ཟླ7པའི་ཚེས16ནས19ཉིན་བར། 2024ལོའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཨང་ཀི་ཅན་གྱི་རྒྱལ་སྤྱིའི་བགྲོ་གླེང་པེ་ཅིང་ཀྲུང་ཀོན་གྲོང་སྡེའི་རྒྱལ་སྤྱིའི་གསར་གཏོད་ལྟེ་གནས་སུ་འཚོགས་པ་རེད། ཐེངས་འདིའི་བགྲོ་གླེང་གི་གཙོ་དོན་ནི་ཨང་ཀིའི་ཤུལ་བཞག་གི་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་བསྐྱར་དུ་སྐྲུན་ཅེས་པ་ཡིན་ཞིང་། ཨང་ཀིའི་ཤུལ་བཞག་གི་ལག་རྩལ་གསར་པ་དང་ཐབས་རྣམ་གསར་པ་ལ་དམིགས་ཡོད། བགྲོ་གླེང་དུ་རྒྱལ་ཁབ་དང་ས་ཆ20དང་། ལས་ཁུངས200ལྷག་གི་ཆེད་རམས་པ་དང་སྲིད་ཇུས་བཟོ་མཁན། འབྲེལ་ཡོད་ལས་སྒྲུབ་པ། འཕྲིན་སྦྱོར་གསར་འགོད་པའི་འཐུས་ཚབ་སོགས་གདན་དྲངས་ནས། མཉམ་དུ་ཚན་རྩལ་གསར་གཏོད་འོག་རིག་གནས་ཤུལ་བཞག་སྲུང་སྐྱོང་འཕེལ་རྒྱས་གང་ལེགས་ཡོང་བའི་སྐོར་བགྲོ་གླེང་བྱེད་པ་དང་ཆབས་ཅིག། ལས་རིགས་ཀྱི་ཐུན་མོང་གནད་དོན་ཐག་བཅད་པའི་ལག་ལེན་དཔེ་མཚོན་ཕུལ་བྱུང་ཁག་ཅིག་བསྡུས་ནས་འོས་སྦྱོར་བྱས་པ་རེད།།