国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཟུགས་མེད་རིག་གནས་ཤུལ་བཞག་གི་གོ་དོན།

གཟུགས་མེད་རིག་གནས་ཤུལ་བཞག་ཅེས་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གསར་གཏོད་བྱས་པ་དང་ད་བར་རྒྱུན་མཐུད་བཞིན་ཡོད་པའི་ལོ་རྒྱུས་དང་རིག་གནས། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་ཤེས་ཡོན་རིགས་དང་ལག་རྩལ་རིགས་ཀྱི་སྲོལ་རྒྱུན་གྱི་རིག་གནས་བྱ་དངོས་དེ་ཚོ་ལ་ཟེར་བ་ཡིན། རྒྱལ་སྤྱིའི་ཐོག་གཟུགས་མེད་རིག་གནས་ཤུལ་བཞག་ཅེས་པའི་ཐ་སྙད་དེ་བེད་སྤྱོད་གཏོང་སྔ་ཤོས་ནི་འཇར་པན་རྒྱལ་ཁབ་ཡིན་ཞིང་། དུས་རབས21པར་རང་རྒྱལ་དུ་གཟུགས་མེད་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་འགོ་བཙུགས་ཡོད། 2003ལོའི་ཟླ་བ10པའི་ཚེས17ཉིན་ལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གཟུགས་མེད་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱ་དགོས་པའི་སྤྱི་ཆིངས་བསྒྲགས་པ་རེད། དེའི་ནང་དུ་གཟུགས་མེད་རིག་གནས་ཤུལ་བཞག་ཅེས་པ་ནི་ས་གནས་ཁག་གི་མང་ཚོགས་དང་མི་སྒེར་འགའ་ཤས་ཀྱིས་མཐོང་ཆེན་བྱེད་བཞིན་ཡོད་པའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཡིན་པའི་སྤྱི་ཚོགས་ཀྱི་ལས་བྱ་དང་གཏམ་བརྗོད་འཁྲབ་སྟོན་དང་ཐོན་སྐྱེད་འཚོ་བའི་ཉམས་མྱོང་། ལག་རྩལ་དང་ནུས་པ་ངོ་མཚར་ལྡན་པ་དེ་ཚོ་ཡིན་ཞེས་བསྟན་ཡོད་ཅིང་། གཏམ་བརྗོད་འཁྲབ་སྟོན་བྱེད་དུས་དང་ལག་རྩལ་སྤྱོད་དུས་དགོས་པ་ཡོད་པའི་ཚོགས་ར་དང་ལག་ཆ་སོགས་ལ་ཡང་གོ་ཆོག། དེ་ལ་མི་རབས་ནས་མི་རབས་བར་བརྒྱུད་དགོས་པའི་ཁྱད་ཆོས་ཡོད་དགོས་པ་དང་། མཐའ་སྐོར་གྱི་ཡུལ་ལྗོངས་དང་ཐ་ན་འདས་ཟིན་པའི་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་ཡོད་དགོས་པར་མ་ཟད། དེར་བྱ་དངོས་གསར་པ་རྒྱུན་མི་ཆད་པར་གསར་གཏོད་བྱེད་ཐུབ་པའི་ནུས་པ་དགོས་ཤིང་། མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དང་ཁོ་ཚོར་རིག་གནས་ཀྱི་རྣམ་པ་སྣ་ཚོགས་ཀྱི་རང་བཞིན་དང་མིའི་རིགས་ཀྱི་གསར་གཏོད་ནུས་པར་མཐོང་ཆེན་བྱ་དགོས་པའི་སྐུལ་མ་གཏོང་ཐུབ་དགོས། དེའི་ཁོངས་སུ་གཅིག་ནི་གཟུགས་མེད་རིག་གནས་ཤུལ་བཞག་ཁྱབ་གདལ་གཏོང་བྱེད་ཀྱི་སྐད་ཆ་དང་ངག་ཐོག་གི་སྲོལ་རྒྱུན་བྱ་དངོས། གཉིས་ནི་འཁྲབ་སྟོན་སྒྱུ་རྩལ། གསུམ་ནི་དུས་ཆེན་དང་དམངས་ཁྲོད་ཚོགས་ཆེན་གྱི་ཆོ་ག། བཞི་ནི་རང་བྱུང་དང་འབྲེལ་བ་ཡོད་པའི་ཤེས་བྱ་དང་ལག་ལེན། ལྔ་ནི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་ནུས་པ། དྲུག་ནི་སྲོལ་རྒྱུན་གྱི་བྱ་དངོས་ཞིག་བྱུང་བ་དང་བརྒྱུད་པ། གསར་གཏོད་བྱེད་པ། དར་སྤེལ་སོང་བའི་བརྒྱུད་རིམ་ཡོངས་རྫོགས་བཅས་འདུས་ཡོད་པ་ཡིན་ནོ།།

( རྩོམ་སྒྲིག་པས་བསྡུས།)