国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔེ་ཀློག་གི་བརྗེད་བྱང་།

ཤེས་རབ་བཀྲེན་པས་བསླུས་པའི་ན་གཞོན་ངས། །

ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་ནས། །

མི་ལོ་བཞི་ཙམ་སློབ་གཉེར་ཕྱོགས་ལ་བརྟུན། །

སྐད་གཉིས་ཕྱོགས་ཀྱི་སློབ་ཁྲིད་མང་པོ་ལ། །

རྣམ་དག་སེམས་པས་མཉན་ཞིང་རྒན་ལ་གུས། །

དམིགས་འདུན་བྱ་བར་དམིགས་པའི་དཔེ་ཆ་ལ། །

མཆོག་དང་རྩེ་མོར་བཟུང་ནས་བལྟས་པ་དང་། །

དེ་ནས་རྒྱུན་པར་དཔེ་ཁང་སློབ་ཁང་ནས། །

བོད་ཡིག་ཕྱོགས་ཀྱི་དཔེ་ཀློག་འགའ་གླེང་ན། །

སློབ་ཆེན་ལོ་རིམ་གཉིས་པའི་སློབ་སྐབས་ལ། །

དགེ་རྒན་དམེ་ཤུལ་འཇིགས་མེད་རྒྱ་མཚོ་ཡིས། །

བཤེས་གཉེན་དམུ་དགེ་བསམ་གཏན་རྒྱ་མཚོ་ཡི། །

བློ་གསལ་རིགས་སྒོའི་དཔེ་ཁྲིད་ཆ་ཚང་མཛད། །

བཀའ་དྲིན་གཞལ་མཐའ་མེད་པའི་དྲིན་ལན་བརྗོད། །

ཞོར་དུ་གཙང་པོའི་ཉ་དང་རྨེའུ་ཟན་བཞིན། །

ང་ཚོ་དཔེ་ཀློག་བགྱི་བའི་ཕྱོགས་སུ་སྐུལ། །

ལྷག་བསམ་པད་དཀར་བཤེས་གཉེན་ཁྱེད་འདྲ་དཀོན།།

གཞན་ཡང་ངག་འཇམ་སྤྱོད་པ་ཞི་ཞིང་དུལ། །

ནག་རུ་རྡོ་རྗེ་དོན་གྲུབ་ཅེས་བྱ་བས། །

ཚངས་སྲས་བཞད་སྒྲའི་དཔེ་ཁྲིད་ཆ་ཚང་གནང་། །

རྩོམ་ཡིག་འབྲི་སྦྱོང་ཡར་ངོའི་ཟླ་ལྟར་འཕེལ། །

ངལ་གསོའི་སྐབས་སུ་དགེ་རྒན་བདུད་འདུལ་གྱིས། །

སྤྱོད་འཇུག་ཆེན་མོའི་དཔེ་ཁྲིད་རྒྱུན་པར་གནང་། །

ཡིན་ཡང་དུས་དང་རྐྱེན་གྱི་དབང་གིས་ནི། །

སློབ་སྐབས་གཉིས་ལས་འགྲོ་བའི་སྐལ་མ་བྱུང་། །

དེ་ཡང་བདག་ལ་མཚོན་ན་བཀའ་དྲིན་ཟབ། །

དེ་ནས་རྒྱུན་པར་དཔེ་ཁང་ནང་དུ་སོང་། །

ནང་རིག་རྒྱུན་ཤེས་ཕྱོགས་སུ་མཇལ་བར་བྲོད། །

ཡིན་ཡང་ཐོས་པའི་བློ་མིག་རབ་ལྡོངས་པས། །

འདི་ལྟར་བཤད་ན་ངོ་ཚའི་གནས་སུ་གྱུར། །

འོན་ཀྱང་དྲང་གཏམ་ཚིག་གི་མདར་དྲངས་ནས། །

ཆེ་བརྗོད་རྫུན་གཏམ་དབེན་པས་ཕྱིར་དྲན་ཙམ། །

མི་ལོ་བཞི་ལ་དཔེ་ཁང་ནང་རོལ་ནས། །

བརྡ་སྤྲོད་སྙན་ངག་ལོ་རྒྱུས་ཀུན་ལ་བརྩོན། །

ནུབ་བྱང་དགེ་རྒན་ཁ་སྒང་སྟག་འབུམ་གྱི། །

ནང་བསྟན་ཟིན་བྲིས་དེབ་རྒན་མཐུག་པོ་དེའི། །

ཉིན་སྲིབ་མྱུལ་ནས་གཟའ་འཁོར་འགའ་ཞིག་འགོར།།

དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ཀྱི། །

བརྡ་སྤྲོད་སྦྱོར་བ་རྣམ་བཞིར་ཞིབ་ཏུ་བལྟས། །

དག་ཡིག་རིག་པའི་གབ་པ་མངོན་ཕྱུང་མཇལ། །

ཚིག་གི་གྲུབ་ལུགས་དོན་གྱི་དབྱེ་བ་སོགས། །

ཅུང་ཟད་ཕན་པའི་ངེས་འབྱུང་རྣལ་མ་བྱུང་། །

དགེ་རྒན་གཙང་པ་རབ་རྒྱས་པ་སངས་ཀྱི། །

ལོ་ཙཱའི་དཔེ་དེབ་བལྟས་ནས་ཕྱི་ཤུབས་ཟད། །

དགེ་རྒན་སེ་ཀུ་དཀོམ་བཀྲས་དམངས་སྲོལ་དང་། །

སློབ་ཆེན་དབྱིན་ཡིག་ཆེད་དེབ་ལ་སོགས་ཁྲིད། །

སྙིང་ལྕགས་རྒྱལ་གྱིས་འཁྲབ་གཞུང་རྩོམ་རིག་ཁྲིད། །

དཀའ་ཐུབ་ཚེ་རིང་གིས་ནི་བརྡ་སྤྲོད་དང་་། །

དཀའ་ཐུབ་རྒྱལ་གྱིས་རྩོམ་རིག་དཔྱད་བརྗོད་ཁྲིད། །

ཏིང་འཛིན་ཡག་གིས་རྒྱ་བོད་ལོ་ཙཱ་དང་། །

ཚེ་རིང་སྐྱབས་ཀྱིས་བོད་ཀྱི་རྣམ་ཐར་སོགས། །

དཔེ་ཁྲིད་གང་ལེགས་གནང་ཞིང་རྒྱུ་སྤུས་དག །

སྣོད་ལྡན་བདག་གིས་དེ་ལ་ནན་ཏན་བགྱིས། །

ཡིག་གཟུགས་འཁྱོག་པོས་ཚང་མ་ཟིན་བྲིས་བཀོད། །

མར་ཁེ་སི་ཡི་རིགས་པའི་བསམ་བློ་དང་། །

སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་གི། །

དཔེ་དེབ་ཁག་ཅིག་རྒྱུན་དུ་སློབ་དེབ་ཡིན། །

བཤེས་ལ་གུས་ནས་སློབ་གཉེར་བརྟུན་པ་སྐྱེད། །

རང་རྒྱུད་ཤེས་བྱ་འབྱོར་བར་སྨོན་ལམ་བཏབ། །

སྨོན་འདུན་དེ་ཡང་གཙོ་བོ་བརྩོན་པར་རག །

བརྩོན་པ་དེར་ཡང་དཔེ་ཀློག་ཚད་ལྡན་དང་། །

གང་ཞིག་སྦྱོང་བ་དང་ནི་སློབ་དགོས་པ། །

གཙོ་ཕལ་དབྱེ་བ་བརྟགས་ནས་སྦྱངས་པ་དང་། །

རྒྱ་བོད་དབྱིན་གསུམ་རྩིས་འཁོར་ཆེད་ལས་སོགས། །

ཕུལ་བྱུང་སྣ་མང་ཤེས་པའི་སློབ་བུ་ལ། །

སློབ་སྦྱོང་བྱས་ན་ནམ་ཞིག་རི་རྩེར་བསླེབ། །

དེ་ནི་སློབ་གཉེར་འདོད་འཇོའི་བ་དང་མཚུངས། །

གཞན་ཡང་ཨ་ཁུ་བཛྲ་ཚུལ་ཁྲིམས་ཀྱི། །

སུམ་རྟགས་དཔེ་ཁྲིད་ཟུང་གི་བདུད་རྩི་ཐོབ། །

དགུན་གནང་ཞིག་ལ་གནས་མཆོག་བླ་བྲང་དུ། །

ཞིབ་འཇུག་སློབ་མ་འདོན་པའི་དམིགས་པ་དང་། །

སྤྱིར་ཡང་རང་རྒྱུད་ཤེས་བྱ་བསྡུ་ཕྱིར་དུ། །

རྡོ་རམས་དགེ་བཤེས་ཨ་ཁུ་བསོད་ནམས་མདུན། །

གྲུབ་མཐའ་རིན་ཕྲེང་དཔེ་ཁྲིད་ཆ་ཚང་གསན། །

ཟླ་གཅིག་ལྷག་གི་དུས་ཚོད་དོན་དང་ལྡན། །

གཞན་ཡང་ཨ་ཁུ་བློ་བཟང་བསྟན་འཛིན་སོགས། །

དགེ་བའི་བཤེས་གཉེན་འགའ་ཡི་ཞབས་དྲུང་དུ། །

སྒྲ་དང་བརྡ་སྤྲོད་སྙན་ངག་བསྟན་བཅོས་ལ། །

སློབ་གཉེར་ཅུང་ཟད་བྱས་པ་ཡིད་མགུའི་གནས། །

ཉིས་སྟོང་བཅུ་དགུ་ལོ་ཡི་དབྱར་གཞུང་ལ། །

དངོས་གཞི་སློབ་མཐར་ཕྱིན་རྗེས་ཞིབ་འཇུག་འཕྲོད།།

མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་ནས། །

བཤེས་གཉེན་སྐྱ་རེངས་དཔལ་ལོའི་ལྷག་བསམ་མཐུས།།

མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོ་ཡི། །

ལམ་རིམ་བསྟན་འཛིན་བྱེ་བའི་འབྱུང་གནས་ཀྱི། །

དཔེ་ཁྲིད་ཆ་ཚང་གསན་པའི་སྐལ་བཟང་ཐོབ། །

དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ཡིས། །

གཏམ་རྒྱུད་གསེར་ཐང་ཁྲིད་པའི་སྐལ་བཟང་ཐོབ། །

གུས་པའི་མཛུབ་སྟོན་དགེ་རྒན་སྟོབས་ལྡན་ཞེས། །

སློབ་ཁྲིད་འཆད་ཉན་རྩ་དོན་བཤད་མཁས་པ། །

སློབ་མར་བྱམས་བརྩེའི་ཐུགས་ཀྱིས་བསྐྱངས་མཛད་ལ།།

སློབ་དཔོན་དནྜི་གཉིས་པ་བྱོན་འདྲ་བ། །

སྙན་ངག་གཙོ་བྱས་རིག་གཞུང་སློབ་ཁྲིད་གནང་། །

ཁྱེད་ཀྱི་མཛད་བཟང་བཀའ་དྲིན་རི་ལས་ལྕི། །

དྲིན་ལྡན་བཤེས་གཉེན་ལྕགས་ཐར་རྒྱལ་གྱིས་ནི། །

རིག་འཕྲུལ་འོད་ཕུང་ལ་སོགས་ལེགས་ཁྲིད་པས། །

རང་བློའི་རྨོངས་པའི་རྟ་ཕོ་འདམ་ལས་ཐར། །

དེ་ནས་ཞིབ་འཇུག་སློབ་མའི་སྐབས་སུ་ནི། །

དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་གྱི། །

སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་དང་། །

ལྷ་སའི་དགེ་རྒན་བསྟན་འཛིན་ཆོས་གྲགས་ཀྱིས། །

བརྩམས་པའི་བཀའ་གདམས་རྩོམ་རིག་ཞིབ་འཇུག་གི། །

པོད་རྒན་དེ་ལ་ལན་གཅིག་ནན་གྱིས་མཇལ། །

གཞན་ཡང་མི་ཕམ་མཁས་འཇུག་སྡོམ་བྱང་དང་། །

ཐུའུ་བཀྭན་གྲུབ་མཐའ་དམུ་དགེའི་ཚད་མ་སོགས། །

རྒྱ་ཡིག་ཕྱོགས་ནས་རྩོམ་རིག་གཞུང་ལུགས་དང་། །

སྐད་བརྡའི་རིགས་ཀྱི་ཆེད་དེབ་ཕྱོགས་སུ་བལྟས། །

ཁྲོ་རུ་ཚེ་རྣམ་ཚང་གི་སྒྲ་རིག་སོགས། །

ཟླ་བ་བཞི་ལྷག་དཔེ་དེབ་འདི་དག་ལ། །

བལྟས་དང་བློར་འཛིན་ཡང་ཡང་བྱས་གྱུར་ནས། །

བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་རོལ་ལ། །

འབུམ་རམས་པ་ལ་རྒྱུགས་ཤིག་ལེན་འདོད་སྐྱེས། །

ཤིས་ཚང་དགེ་བཤེས་སྐལ་བཟང་རྒྱ་མཚོ་ཡི། །

སྤྱོད་འཇུག་ཆེན་མོའི་དཔེ་ཁྲིད་དེ་ལ་གསན། །

འཕྲོ་མ་མ་ཁོམ་རེ་ཞིག་བསྐྱུར་དགོས་བྱུང་། །

གཞན་ཡང་མཁས་པའི་ལེགས་བཤད་ཆུ་ཀླུང་འབུམ། །

རྣམ་དཔྱོད་བློ་གྲོས་འཛིན་མའི་ཁྱོན་ན་འཁྱིལ། །

འཇམ་མགོན་ཙོང་ཁ་པ་དང་མཁས་གྲུབ་རྗེ། །

ཡབ་སྲས་ཟུང་གི་རྣམ་ཐར་གསུང་རྩོམ་སོགས། །

དད་འདུན་དྲི་མེད་ཡིད་ནས་བཟླས་སྒོམ་སོགས། །

བྱས་ཤིང་ལྷག་པར་རྟེན་འབྲེལ་བསྟོད་པ་དང་། །

འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་བློར་འཛིན་བྱས། །

གཞན་ཡང་དབུས་ཀྱི་དགེ་འཕེལ་རི་ཁྲོད་ནས། །

ཀུན་མཁྱེན་ཆུ་ཀླུང་རལ་བའི་ཐིགས་རྩེ་ནས། །

བྱུང་བའི་གྲུབ་མཐའ་རྩ་བ་བློར་འཛིན་བྱས། །

དབལ་ཤུལ་ངག་དབང་བརྩོན་འགྲུས་ཞབས་ལ་འདུད། །

རྒྱལ་སྲས་ཞི་བ་ལྷ་ཡི་སྤྱོད་འཇུག་གི །

རྒྱལ་ཚབ་དར་ཊིཀ་དང་ནི་དུང་དཀར་རྗེའི། །

སྤྱོད་འཇུག་གཞུང་ནི་ངོ་སྤྲོད་ཤིན་ཏུ་ལེགས། །

དགེ་རྒན་བདུད་འདུལ་ལགས་ཀྱིས་མཚམས་ལ་རེར། །

ཨ་སྐོང་མཁན་ཆེན་སྤྱོད་འཇུག་ཊཱིཀ་ཀ་དང་། །

གཞུང་མང་ཚད་ལྡན་འགྲེལ་བ་སྦྲགས་ཏེ་བཤད། །

ཉིས་སྟོང་བཅུ་དགུ་ལོ་ཡི་དགུན་གཞུང་ལ། །

འཇམ་མགོན་ཙོང་ཁ་པ་མཆོག་སྐུ་གཤེགས་ནས། །

ལོ་འཁོར་དྲུག་བརྒྱ་ལོན་པའི་རྗེས་དྲན་དུ། །

དགེ་རྒན་དཔལ་ལོས་ལམ་རིམ་མཇོལ་ཞེས་གསུངས། །

ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་བླུས་པ་དང་། །

ལོ་དེའི་ལོ་སར་ཚེས་པ་ལྔ་དྲུག་ནས། །

ཟླ་ཕྱེད་ལྷག་གི་རིང་ལ་དད་འདུན་གྱིས། །

བྱང་ཆུབ་ལམ་རིམ་ཆ་ཚང་མཇལ་ནས་ཚར། །

སྐྱེས་བུ་ཆུང་ངུའི་སྐོར་ལ་ཞིབ་མཇལ་དང་། །

འབྲིང་ལ་ནན་ཏན་སྐྱེས་བུ་ཆེན་པོ་ཡི། །

ཞི་གནས་ལྷག་མཐོང་སྐོར་ལ་རྣམ་དག་གིས། །

ཚིག་འབྲུ་རེ་རེ་ཁ་ནས་དག་པར་བཏོན། །

གཅིག་ཀྱང་མ་ཆད་གཉིས་སུ་མ་ལུས་མཇལ། །

དཔེ་ཁྲིད་ནུབ་བྱང་མི་རིགས་སློབ་ཆེན་ནས། །

ཨ་ཁུ་བློ་བཟང་བདེར་གཤེགས་ཚང་གི་ཁྲིད། །

དེ་ལ་གསན་ན་ཤིན་ཏུ་གོ་སླ་ཞེས། །

ཤིས་ཚང་མ་རུའི་ཐབས་མཁས་དེ་སྐད་གསུངས། །

ཡོངས་ཀྱི་བཤེས་གཉེན་གུང་ཐང་ཡོངས་འཛིན་དང་། །

ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ལ་སོགས་པའི། །

ལམ་རིམ་དཔེ་ཁྲིད་རིན་ཆེན་སྤུངས་པ་བཞུགས། །

དགུན་གནང་ཞིག་ལ་ཡུལ་ནས་ཁོམ་པའི་སྐབས། །

རྗེ་བཙུན་མི་ལའི་རྣམ་མགུར་ཆ་ཚང་མཇལ། །

ཤོག་བུ་བརྒྱད་བརྒྱ་བརྒྱད་ཅུ་ལྷག་ཙམ་ཞིག །

གཟའ་འཁོར་གཅིག་གི་ནང་ལ་འགྲུབ་པར་བྱས། །

དེ་ཡིས་མི་ཚད་ཟིན་བྲིས་འདེབས་པ་དང་། །

གཞན་ཡང་ལྷ་སའི་རྩོམ་གྲོགས་རྦབ་ཆུ་ལ། །

གནས་ཆེན་འགའ་ཞིག་དྲིས་ཤིང་འཚོལ་ཞིབ་བྱས། །

རྣམ་མགུར་མཇལ་ཐེངས་གཉིས་པ་ནན་ཏན་ཡིན། །

ས་པཎ་གསུང་རྩོམ་གསུམ་ལ་ནན་གྱིས་བལྟས། །

ཨ་ལགས་ཤར་གདོང་ཚང་གི་གསུང་འབུམ་ལ། །

དགེ་རྒན་དང་ནི་སློབ་ཆེན་པ་ཚོས་ལྟོོས། །

འཕྲིན་ཡིག་ཆབ་ཤོག་རྟོགས་བརྗོད་དཔེ་ཆོས་སོགས། །

ཤིན་ཏུ་གོ་སླ་གཞན་ཕན་བདུད་རྩིའི་ཆར། །

དོན་བརྗོད་དོན་གྱི་ལམ་ཆེན་རིང་མོ་དེ། །

གཞུང་ཚིག་གོ་སླའི་རྟ་ཕོའི་འགྲོས་ཀྱིས་འཇལ། །

མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི། །

ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ་མཇལ། །

རྗེ་བཙུན་མི་ལའི་ཐུགས་སྲས་ཉི་མ་སྟེ། །

མཉམ་མེད་ལྷ་རྗེ་བསོད་ནམས་རིན་ཆེན་གྱི། །

དྭགས་པོ་ཐར་རྒྱན་ཚར་གཅིག་ཡོངས་སུ་མཇལ། །

བུ་སྟོན་ཐམས་ཅད་མཁྱེན་པའི་ཆོས་འབྱུང་མཇལ། །

གཞན་ཡང་ཆབ་ཤོག་ཞུ་ཡིག་རྟོགས་བརྗོད་སོགས། །

གངས་ཅན་མཁས་གྲུབ་བྱེ་བའི་མཛོད་འཛིན་པ། །

འཆད་རྩོམ་བསྒྲུན་བྲལ་ནོར་བུའི་ལྡིང་ཁང་བསྙེགས། །

དེ་བས་ཀུན་མཁྱེན་འཇིགས་མེད་དབང་པོ་དང་། །

གུང་ཐང་བསྟན་པའི་སྒྲོན་མེའི་ཆབ་ཤོག་ཟུང་། །

སྲིད་ན་རེ་སྐོང་ནོར་བུའི་ཏོག་ཏུ་འཁུམས། །

རང་རྩོམ་ཡར་སྐྱེད་ཟླ་བ་མཁའ་རུ་འཕགས། །

མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོ་ཡི། །

ཆབ་ཤོག་ཡིད་འཕྲོག་དྲི་ཟའི་ཟློས་གར་མཇལ། །

ཚིག་དོན་རིན་ཆེན་གླིང་དུ་བགྲོད་འདོད་མཁན། །

འདི་ལས་ལྷག་པའི་ལེགས་སྐྱེས་ཡོད་མ་ཡིན། །

བོད་ཀྱི་རྩོམ་རིག་ལོ་རྒྱུས་དེབ་དྲུག་དང་། །

རྩོམ་ཡིག་གསེར་གྱི་སྦྲམ་བུར་ལན་མང་མཇལ། །

བླ་བྲང་སྒྲོལ་མ་སྐྱབས་ཀྱིས་ཁོལ་བྱུང་བའི། །

གསེར་སྦྲམ་མིང་ཚིག་ཕལ་ཆེར་བློར་འཛིན་བྱས། །

དནྜིའི་དགོངས་རྒྱན་ལྔ་པའི་དགྱེས་གླུ་དང་། །

ཁམས་སྤྲུལ་རོལ་མཚོ་མི་ཕམ་སྙན་ཊཱིཀ་དང་། །

རིན་སྤུངས་མི་འཇིགས་སེང་གེའི་ང་རོའི་རྒྱུད། །

ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྙན་འགྲེལ་དང་། །

དེ་ཡི་ཡང་འགྲེལ་ཡང་གསལ་སྣང་བའི་མཛོད། །

དུང་དཀར་ཚིག་རྒྱན་རིག་སྒོ་སོགས་ལ་མཇལ། །

སློབ་དཔོན་དཔའ་བོས་གསུངས་པའི་སངས་རྒྱས་ཀྱི། །

སྤྱོད་པ་ཞེས་གྲགས་སྙན་ངག་ཆེན་མོ་དང་། །

རྗེ་ཡི་རྟོགས་བརྗོད་སྙན་ངག་རིང་མོ་ཟུང་། །

རྟག་ངུའི་རྟོགས་བརྗོད་དཔག་བསམ་ལྗོན་པ་ཡི། །

འགྲེལ་བཤད་ཉིན་མོའི་སྣང་བ་ཞེས་བྱ་བ། །

ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གིས་ཁྲིད། །

འཇམ་དབྱངས་གྲགས་པས་ཟིན་བྲིས་བཏབ་ནས་དཔར། །

སྤྱན་སྔ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི། །

རྟོགས་བརྗོད་སྙན་དངགས་བྱིན་རླབས་ཀྱི། །

ལྷུན་པོ་ཞེས་སུ་གྲགས་པའི་ཚིག་འགྲེལ་ནི། །

གསེར་འོད་འབུམ་འགྱེད་ཅེས་སུ་གྲགས་པ་ནི། །

ནོར་བྲང་ཨོ་རྒྱན་མཆོག་གིས་མཛད་པའོ། །

གཞན་ཡང་དགེ་རྒན་བསོད་ལོ་རིན་བཀྲ་དང་། །

རིན་རྡོར་སོགས་ཀྱིས་བསྒྲིགས་པའི་གནའ་རྩོམ་གྱི། །

ངག་རིག་རིན་ཆེན་གཏེར་མཛོད་ཅེས་བགྱི་བའི། །

དེབ་རྒན་དེ་དག་ནང་ན་སྔོན་བྱོན་གྱི། །

མཁས་པའི་ལེགས་བཤད་ཀུན་འདུས་པད་ཚལ་བཞད། །

མཁས་པ་མགུ་བྱེད་འདི་ལས་གཞན་ཡོད་མིན། །

སྔོན་བྱོན་མེས་པོའི་ཐུགས་བཅུད་ཕྱུང་བའི་གཏམ། །

མཇལ་འདོད་བུང་བ་གཤོག་དྲུག་འདིར་འཕུར་དང་། །

བློ་སྐྱེད་ཡིད་ཚིམ་སྦྲང་རྩི་འདི་རུ་འཁྱིལ། །

དེ་ནས་རེ་ཞིག་འདི་ཙམ་སྤེལ་བ་ཡིས། །

དཔེ་ཀློག་བློ་ཁ་འདི་ཡིས་བྲིད་གྱུར་ནས། །

མ་རིག་རྨོངས་པའི་འདབ་མ་བྱེར་བར་མཛོད། །

མི་ཚེའི་ཉམས་ལེན་ཐོས་པས་ཕྱུག་གྱུར་ནས། །

ཤེས་རབ་ཉི་མའི་སྣང་བ་འགྱེད་པར་ཤོག །