国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མི་ཚེའི་ཁ་ཡིག།

སྐྱིད་སྡུག་ཐོད་པའི་རི་མོ་བཙན་དང་ཤེད་ཀྱིས་མི་ནོགས། །

གསོན་པའི་རྨི་ལམ་ལྗང་གུའི་སྟེང་འོག་དལ་གྱིས་བསློགས་ཏེ། །

གཉོམ་པའི་སྙིང་ཤ་རེ་རེ་རླུང་དང་གྲང་བས་གདུང་དུས། །

བརྒྱ་བཤད་གཏམ་གྱི་སྣེ་མོ་ཁྱོད་ནི་འཁོར་བའི་རི་དྭགས། །

ལས་ཀྱི་རྟ་ཕོའི་སྲབ་མདའ་སུ་དང་གང་གིས་བསྒྱུར་འགྲོ། །

ཀུ་རེ་འདྲ་བའི་འཁོར་བ་ཁྱོད་ཀྱི་མགོ་ཐོག་འཁོར་སྐབས། །

སྐྱེ་དང་འཆི་བའི་གཏམ་རྒྱུད་སྨྲ་སྒོར་ལེན་འདོད་མེད་ཀྱང་། །

གོ་མེད་ཚོར་མེད་ངང་ནས་ཁྱོད་ཀྱི་ཉེ་ཕྱོགས་ལྡང་ཡོང་། །

ཕུང་གསུམ་འཚོ་བའི་མགྲོན་པོ་འདི་མེད་ཕྱི་མེད་ངང་དུ། །

ཚེ་ཡི་འདུ་བྱེད་རྫོགས་དུས་འཇིག་རྟེན་ཆེན་མོའི་ཁྱོན་དུ། །

མི་ཤོང་སྐྱོ་བའི་ངུད་མོ་གཅིག་རྗེས་གཉིས་སུ་མཐུད་དུས། །

སྐྱོར་མ་མེད་པའི་ཁྱོད་རང་ཤོག་བྱ་ཞིག་དང་ཨེ་མཚུངས། །

འདུན་པ་ལྷ་ལ་མ་གཏད་འཁོར་བའི་གྲོང་དུ་གཏད་པའི། །

ང་དང་ཁྱོད་ནི་འདི་ནས་ཨ་འཁྲུལ་སྟེང་གི་ཡང་འཁྲུལ། །

འཁྲུལ་བའི་རྒྱ་མཚོ་རྒལ་ལ་ཤེས་རབ་གྲུ་གཟིངས་མེད་ན། །

སྟོང་བསམ་དགུ་བརྒྱ་དགུ་བཅུས་ཕ་རོལ་ཕྱིན་ས་མ་རེད། །

གྲང་བའི་གཞུང་དུ་ལུས་པའི་ཁྱོད་ཀྱི་ཕྱི་ནང་གསང་གསུམ། །

བལྟས་ན་མིག་གིས་མི་མཐོང་མྱོང་ན་སེམས་ཀྱིས་ཚོར་བའི། །

མི་ཚེའི་ལམ་ཀྱོག་འདི་ཡི་ལས་ཀྱི་དཀའ་ཚེགས་སྣ་ཚོགས། །

ཁྱོད་ཀྱིས་རྒྱབ་ཏུ་ཁུར་ཏེ་འཇིག་རྟེན་གཞན་པར་ནམ་ཆས། །

འཚོ་བ་སྟོན་ཀའི་གནམ་ངོ་འཐིབ་དྭངས་ཅི་འདྲ་མྱུར་བ། །

འགྱུར་བག་ཚ་པོའི་ཁྲོད་ནས་ནམ་ཡང་གསོན་ལ་རེ་བའི། །

གཡར་བའི་ཁྱོད་ཀྱི་ལང་ཚོ་ཧ་ཅང་གཉོམ་ཆུང་ཞིག་ལས། །

གཡོ་མེད་ཐེར་ཟུག་ཅན་ཞིག་མིན་པ་ཤེས་བཞིན་སྐྱོ་སོང་། །

ཞེ་ཁོག་བཟང་གི་མ་གང་བསམ་ངན་ལས་ཀྱིས་གང་བའི། །

མི་སེམས་མཚར་པོ་འདི་ནི་སྡིག་པའི་བླུག་སྣོད་ཅིག་རེད། །

ཇི་ལྟར་བླུགས་ཀྱང་མི་ངོམ་ཉེས་སྐྱོན་ཁོ་ནས་བྲབས་པའི། །

མི་ཚེའི་གཞུང་གི་ཁ་ཡིག་མཚར་པོ་ནང་གི་མཚར་རེད། །

༼ ཁངས་མ། ༽