国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙན་ཚིག་ནོར་བུའི་གླིང་དུ་བགྲོད་པའི་སྐུལ་མ།

བོད་ཀྱི་ཞིང་འདིར་སྤྱན་རས་གཟིགས་དབང་གིས། །

བོད་མིའི་དམུ་རྒོད་རང་གཤིས་གདུལ་བའི་སླད། །

བོད་འབངས་ཀུན་གྱིས་གཅིག་འདུད་སྲོང་བཙན་ཞེས། །

བོད་ཆེན་འཕྲུལ་གྱི་རྒྱལ་པོར་སྤྲུལ་མཛད་པ། །

གང་གི་མདུན་ན་འདོན་ཏེ་འཇམ་དཔལ་དབྱངས། །

གང་ལ་གང་འདུལ་དེ་ལ་དེ་སྟོན་པ། །

གངས་ལྗོངས་ཡི་གེའི་སྲོལ་འབྱེད་ཐོན་མི་མཆོག །

གང་མཚན་ཟུར་ཙམ་ཐོས་པས་སྤུ་ལོང་གཡོས། །

སྔོན་ནས་ཁྱེད་ཀྱིས་ཡིག་སྲོལ་མ་གཏོད་ཚེ། །

སྔོན་བྱོན་མཁས་པའི་དབང་པོ་འདི་དག་ཀྱང་། །

ཤེས་རབ་བློ་མིག་ལྡོངས་ཤིང་ཐུབ་པའི་གཞུང་། །

ཤེས་རྒྱུད་འདུལ་བའི་ཐབས་སུ་བསྟེན་དཀའ་བས། །

སླར་ཡང་གང་སྐུ་ཉི་མ་གཞོན་ནུའི་དྲུང་། །

བདག་བློའི་པད་མོ་འཛུམ་ཞིང་དད་མཚོན་གྱི། །

ཐལ་མོའི་ཀུ་མུད་ཟུམ་སྟེ་གུས་ཕྱག་དང་། །

བདག་ཅག་ལོ་པཎ་རྣམ་པས་སྤྱི་བོར་མཆོད། །

མི་ཡི་མགོན་པོ་སྟོན་པ་བཅོམ་ལྡན་འདས། །

མི་ཡི་ཡུལ་དུ་བྱོན་པའི་ཚུལ་མཛད་པ། །

འཕགས་བོད་ཀུན་ལ་འབྲུག་ལྟར་གྲགས་པ་ཡི། །

འཕགས་པ་ཀླུ་སྒྲུབ་ཞལ་གྱི་བུམ་བཟང་ལས། །

ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །

ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །

དེ་ལྟར་ཐོག་མར་སྡོམ་པ་སྣ་གཅིག་ལས། །

མེད་ཀྱང་སྲོག་བསྡོས་ཕོད་པའི་གཡག་བཞིན་མཛོད། །

དེ་ནས་སྡོམ་པ་སྣ་རྐྱང་ཙམ་ཞིག་གིས། །

དར་ཅིག་ཕན་རུང་ཉོན་མོངས་དགྲ་བོ་ནི། །

དེ་མུར་ཡོངས་སུ་འཇོམས་པ་དཀའ་བ་ཡི། །

ད་དུང་སྡོམ་པ་སྲུང་ཐུབ་དག་ཀྱང་བསྣན། །

སླད་མར་མ་གྱུར་སེམས་ཅན་ཀུན་བདེ་ཞིང་། །

ཞིང་མཆོག་བདེ་བ་ཅན་ཞེས་སྣང་མཐའི་མགོན། །

མགོན་པོ་འོད་དཔག་མེད་ཀྱི་མངའ་བསྒྱུར་གནས། །

གནས་བཟང་དེ་རུ་འཛོམས་པའི་སྨོན་ལམ་དང་། །

དང་པོའི་ལས་ཅན་ཆོས་ཀྱི་རྒྱ་མཚོ་ཆེར། །

ནོར་བུ་ལེན་པར་ཞུགས་པར་དེད་དཔོན་ཞིག །

མཛུབ་མོ་རི་སྟོན་གནང་བར་དགོས་ངེས་པས། །

དགེ་བའི་བཤེས་གཉེན་ཚད་དང་ལྡན་པ་འཚོལ། །

མཚན་ལྡན་དགེ་བའི་བཤེས་གཉེན་བཙལ་བའི་རྟིང་། །

རྟིང་མར་རང་རྒྱུད་ཕུགས་ནོར་བཅུ་པོ་ལ། །

ལ་ཞེན་ཙམ་མིན་གོམས་འདྲིས་གང་ལེགས་སུ། །

སུ་ཀུན་སྨོན་པའི་རྗེ་བཙུན་ཇི་བཞིན་གནོངས། །

གཞན་ཡང་བསླབ་བྱ་ནོར་བུའི་གླིང་དུ་ནི། །

བགྲོད་པའི་ལམ་ཡིག་དང་ནི་སྤྱོད་འཇུག་སོགས། །

ལམ་གྱི་རིམ་པ་མ་འཕྱུག་དགྲ་བཅོམ་པའི། །

མགོ་འཕང་ནམ་ཐོབ་འབད་པ་སྩོལ་ཅིག་དང་། །

ཐུབ་དབང་ཞལ་གྱི་བདུད་རྩི་མི་རིང་པར། །

མཇལ་ཁ་ངོམ་མི་ཤེས་པ་ཐོབ་སྲིད་པས། །

རྒྱུན་དུ་བླ་མ་མཆོག་གི་སྐུ་གམ་དུ། །

རྒྱུན་ཆད་མེད་པར་ཞབས་ཏོག་ལེགས་པར་སྒྲུབས། །

༼ རིག་འཛིན། ༽