2024ལོའི་ཟླ་བ5པར་སྡེ་དགེ་པར་ཁང་གི་པར་ཤིང་འཛམ་གླིང་དྲན་ཤེས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་མིང་ཐོར་ཚུད་དེ་རྒྱལ་ཕྱི་ནང་གི་མིག་དབང་རབ་ཏུ་བཀུག་ཡོད། དེ་ཡང་པར་ཤིང་དང་ཁ་འབྲལ་ཐབས་མེད་པ་ནི་སྡེ་དགེ་བོད་ཤོག་ཡིན་ལ། དེས་ལོ་སྟོང་ལྷག་ལ་འབྲི་བ་དང་པར་འདེབས་ཀྱི་ནུས་པ་བཏོན་ཏེ་རིག་གནས་ཤུལ་བཞག་ཡོན་གྱིས་མི་ཁུག་པ་བཞག་ཡོད། ད་ཆར་སྡེ་དགེ་བོད་ཤོག་བཟོ་རྩལ་བརྒྱུད་འཛིན་པ་ཚང་དཔལ་གཙོས་པས་དུས་དང་བསྟུན་ནས་བོད་ཤོག་གི་རིག་གནས་གསར་འཆར་ཐོན་རྫས་མང་པོ་གསར་དུ་བཏོད་དེ་བོད་ཤོག་གི་སྤྱོད་རྒྱ་དང་རིན་ཐང་ཇེ་ཆེར་གཏོང་བཞིན་ཡོད་ཅིང་། སྡེ་དགེ་བོད་ཤོག་ལ་ཚེ་སྲོག་གི་དྭངས་མ་གསར་དུ་བསྩལ་ཡོད།
བརྒྱུད་འཛིན་གྱི་གཤོག་པ་བརྐྱངས་ཏེ་རིག་རྒྱུན་གྱི་ནམ་འཕང་བཅད།
རིག་པའི་གནས་ཀུན་དང་སྒྱུ་རྩལ་རིན་ཐང་ཡོད་པ་ཐམས་ཅད་ཡིག་རིས་སུ་ཕབ་སྟེ་ཉར་ཚགས་ཐུབ་པའི་རྒྱུ་ཆ་གཙོ་བོ་ནི་ཤོག་བུ་ཡིན་ལ། བོད་འབྲེལ་ས་ཁུལ་དུ་ཤོག་བཟོ་དར་བའི་ལོ་རྒྱུས་ལོ1300ལྷག་ཡོད་པར་གྲགས། བོད་ཤོག་ལ་སྐྱེམས་ཤོག་དང་དྭགས་ཤོག། གཙང་ཤོག། འབྲུག་ཤོག། སྙེ་ཤོག། ཐལ་ཤོག། གན་ཤོག། སྨོན་དཀར་ལས་ཤོག། སྡེ་དགེ་བོད་ཤོག་སོགས་བཟོ་པ་པོའི་ཡུལ་དང་འབྲེལ་བའི་མིང་མང་དུ་ཡོད་ཅིང་། བོད་ཤོག་གི་ཁྱད་ཆོས་གཙོ་བོ་ནི་ལོ་སྟོང་ཕྲག་སོང་ཡང་མི་རུལ་བ་དང་སྲིན་འབུས་མི་བཟའ་བ་ཡིན་པ་རེད། བོད་ཤོག་བཟོ་རྩལ་གྱི་མདུན་ལམ་ནི་བོད་ཤོག་བརྒྱུད་འཛིན་པར་རག་ལས་ཤིང་། ཁོ་ཚོས་ཕ་མེས་ཡང་མེས་ཀྱི་ཤུལ་བཞག་བཟང་པོ་ཆད་ལུས་མེད་པར་སྲུང་ཉར་ཡག་པོ་བྱས་ཏེ་མི་དེ་བས་མང་པོའི་མིག་ལམ་དུ་བཤམ་དགོས་པའི་དད་སེམས་འགྱུར་བ་མེད་པ་བཅངས་པར་བརྟེན། མདུན་ལམ་དུ་དཀར་ཚེགས་ཀྱིས་ཁེངས་ཀྱང་བློ་སྟོབས་ནམ་ཡང་ཉམས་མེད།
བཟོ་རྩལ་མཁན་པོས་རིག་གནས་ཤུལ་བཞག་བརྒྱུད་འཛིན་ལ་འབད་བཞིན་པའི་ཁྲོད་དུ་སྡེ་དགེ་རྫོང་སྲིད་གཞུང་གིས་ནང་གི་གསོན་ཤུགས་སློང་བ་དང་སྲུང་སྐྱོང་བྱེད་ཐབས་གསར་པ་འདོན་པ། ཁྱབ་སྒྲོག་བྱེད་སྟངས་སྣ་མང་སྤྱོད་པ་སོགས་གཡང་རྩེའི་སྒང་ལ་ཡས་སྒྲོན་གྱི་ཐབས་ཇུས་གོ་ཆོད་རབ་རིམ་བཏོན་ནས་བོད་ཤོག་གོང་འཕེལ་ཡོང་བར་གསོན་ཤུགས་བསྣན་ཡོད། ད་ཆའི་བར་སྡེ་དགེ་རྫོང་ལ་རིམ་པ་མི་འདྲ་བའི་བོད་ཤོག་བཟོ་རྩལ་གྱི་བརྒྱུད་འཛིན་པ24ཡོད་ཅིང་། ཁོ་ཚོ་དང་ཁོ་ཚོས་བཟོས་པའི་བོད་ཤོག་རིགས་སྣ་ཚོགས་ཀྱི་རིག་གནས་སྤེལ་རེས་བྱེད་སྒོར་ཞུགས་གྲངས་ལོ་རེར་ཐེངས4ལ་ཟིན་ཡོད། མ་འོངས་པར་སྡེ་དགེ་རྫོང་གིས་སྲུང་སྐྱོང་བརྒྱུད་འཛིན་དང་ཤུགས་བསྒྲིལ་གསར་སྤེལ་རམ་སྦྱོར་མཉམ་བསྐུལ་གྱི་སྒོ་ནས་བོད་ཤོག་གིས་བསམ་པའི་རིག་གནས་ཁྱིམ་གཞིས་ལ་འོད་མདངས་འཕྲོ་རུ་གཞུག་རྒྱུ་རེད།
ད་སྔར་ཚང་དཔལ་གྱི་ལས་དོན་གཙོ་གནད་ན་གཞོན་གསོ་སྐྱོང་གི་ཐད་ལ་བཞག་ཡོད། མི་གསར་པ་དང་དང་བསམ་གཞིག་གསར་པ། ལག་རྩལ་གསར་པས་སྡེ་དགེ་བོད་ཤོག་བརྒྱུད་འཛིན་སྲུང་སྐྱོང་བྱ་རྒྱུ་ནི་མོའི་ཕུགས་འདུན་ཡིན། ནམ་རྒྱུན་ཚང་དཔལ་གྱི་བོད་ཤོག་བཟོ་རྩལ་བརྒྱུད་སྦྱངས་ལྟེ་གནས་སུ་ས་ཆ་དང་མི་རིགས་སོ་སོ་ནས་འོངས་པའི་རྒན་དར་གཞོན་འཛོམས་ཡོད་པ་མཐོང་ཐུབ། ཁོ་ཚོས་བོད་ཤོག་བཟོ་རྩལ་སྦྱང་རྒྱུ་ལོན་པར་མ་ཟད་འཚོ་བའི་ཐད་ལ་རོགས་རམ་ཡང་ཐོབ་དང་འཐོབ་བཞིན་ཡོད།
ཨ་ཅེ་ཚང་དཔལ་གྱིས་ང་ལ་བོད་ཤོག་བཟོ་སྟངས་སློབ་པར་མ་ཟད་ཟླ་བ་རེ་ལ་གླ་ཕོགས་སྒོར3000སྤྲད་བྱུང་། སུ་ཚང་ལ་དཀའ་ངལ་ཡོད་ན་ཁོས་རོགས་རམ་བྱེད་ངེས་ཡིན་ཞེས་སློབ་མ་དབང་མོས་དེ་ལྟར་བཤད། བོད་ལྗོངས་མངའ་རིས་ནས་ཡིན་པའི་ཡེ་ཤེས་ཆོས་སྒྲོན་ས་ཐག་རིང་པོ་ནས་ཆེད་དུ་ཚང་དཔལ་གྱི་དྲུང་དུ་བོད་ཤོག་བཟོ་རྩལ་སྦྱོང་སར་ཡོང་ནས་སྦྱངས་པ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་ལས་ལམ་གསར་དུ་བཏོད་དེ་ལོ་རེར་ཡོང་འབབ་སྒོར་འབུམ2ལ་ཟིན་པས་མོས་ཚང་དཔལ་ལ་བསྟོད་པའི་ཤོ་ལོ་ཀ་ཞིག་བརྩམས་ནས་ཕུལ་ཡོད། ད་སྔའི་བར་ཚོད་རྩིས་བྱས་ན་ཚང་དཔལ་གྱིས་རིན་པ་མི་དགོས་པར་སློབ་མ200ལྷག་བསྐྱངས་ཡོད་པ་རེད།
ཁོ་ཚོས་སྦྱང་འདོད་ཡོད་ན་ངས་སློབ་མ་ཐུབ་པའི་བར་དུ་བསླབ་རྒྱུ་ཡིན། ངས་སྒྲུབ་པ་ཐམས་ཅད་སྡེ་དགེ་བོད་ཤོག་བཟོ་རྩལ་བརྒྱུད་འཛིན་ཐུབ་ཆེད་ཡིན་ལ་དཀའ་ངལ་ཅི་འདྲ་ཞིག་བརྒྱག་དགོས་ཐུག་ཀྱང་རི་བ་རེད། མི་གཅིག་གི་སྟོབས་ཤུགས་ལ་ཚད་ཡོད་རེད། མི་མང་པོས་མཉམ་དུ་ཤུགས་རྒྱག་ཐུབ་ན་སྡེ་དགེ་བོད་ཤོག་སྲུང་སྐྱོང་བརྒྱུད་འཛིན་ཕྱོགས་ཡོངས་ནས་བྱེད་ཐུབ་ལ། རིག་གནས་ཀྱི་རྩ་རྒྱུད་གཞི་ནས་གཏིང་ཟབ་མོར་ཟུག་ཐུབ་ཅེས་པའི་ཚང་དཔལ་གྱི་སྙིང་གཏམ་ལས་མོ་དང་མོ་འདྲ་བའི་བརྒྱུད་འཛིན་པ་ཚང་མའི་ཐོག་མའི་བསམ་འདུན་དམར་རྗེན་དུ་མཚོན་ཡོད།
གསར་གཏོད་ཀྱི་ལྡེ་མིག་བཟུང་ནས་བཟོ་རྒྱུན་གྱི་སྒོ་ཆེན་ཕྱེ།
དེ་རིང་གི་གནམ་གཤིས་ཡག་པོ་འདུག། ཨ་ལྕག་རེ་ལྕག་འདི་ཚོ་ཡག་པོ་སྐམ་ནས་ད་ལོར་ཆར་གདུགས་དང་ལྒང་ཞུ། ཁུག་མ་མང་ཙམ་བཟོ་ཨེ་ཐུབ་བལྟ་དགོས་ཞེས་ཚང་དཔལ་གྱིས་སྡེ་དགེ་རྫོང་ཁམས་ཀྱི་རིག་གནས་དངོས་མང་བཤམ་སྟོན་གླིང་བོད་ཤོག་བཟོ་རྩལ་བརྒྱུད་སྦྱངས་ལྟེ་གནས་སུ་ལས་སྒྲུབ་པ་ཚོར་ནན་མངག་དེ་ལྟར་བྱེད་བཞིན་འདུག། ལས་སྒྲུབ་པ་ཚོས་ཨ་ལྕག་རེ་ལྕག་གི་རྩ་བ་དམར་སྨུག་ཅན་ཉི་མར་ལྡེས་ནས་བཟོ་རིམ་རྗེས་མའི་གྲ་སྒྲིག་བྱེད་བཞིན་ཡོད། ཚང་དཔལ་གྱིས་སྡེ་དགེ་བོད་ཤོག་ལ་བརྐོས་སྐམ་བཤུ་བསལ་བསྐོལ་བརྡར་རྡུང་དཀྲུགས་སོགས་བཟོ་རིམ11ལག་ལེན་ནན་མོར་བསྟར་ནས་ནོར་འཕྱུགས་མི་ཤོར་ན་གཞི་ནས་བཀྲུས་ན་མི་རལ་བཞག་ན་མི་རུལ་བའི་སྡེ་དགེ་བོད་ཤོག་བཟོ་ཐུབ་ཅེས་བཤད་པ་རེད།
ཚང་དཔལ་ནི1965ལོར་སྡེ་དགེ་དབོན་པོ་སྟོད་གྲོང་རྡལ་དུ་སྐྱེས་ཤིང་ཆུང་དུས་ནས་བཟུང་ཨ་མའི་འགྲམ་ནས་བོད་ཤོག་བཟོ་རྩལ་ལ་མིག་འདྲིས་ལག་འདྲིས་སུ་སོང་ཡོད། 2006ལོར་ཨ་མའི་ས་ནས་བོད་ཤོག་བཟོ་རྩལ་བརྒྱུད་འཛིན་གྱི་འགན་ཆེན་བླངས། ཐོག་མར་མོའི་སེམས་སུ་སྡེ་དགེ་བོད་ཤོག་སྔ་བས་ཡག་ཅིང་མང་བ་བཟོ་བའི་བསམ་འདུན་ལས་མེད་མོད། འོན་ཀྱང་རྒྱུ་རྐྱེན་རྟེན་འབྲེལ་ཞིག་འཛོམས་ནས་སི་ཁྲོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཅིན་ཕིང་དང་ཐུག་པ་རེད། དེ་ནས་བཟུང་མོའི་བསམ་འདུན་ལ་འགྱུར་ལྡོག་བྱུང་ཡོད།
ཅིན་ཕིང་གིས་སྡེ་དགེ་བོད་ཤོག་དང་པར་ལེན་བརྩམས་ཆོས་ཟུང་དུ་སྦྲེལ་ཏེ་བོད་ཤོག་ཏུ་པར་བརྒྱུད་འདེབས་བྱ་རྒྱུའི་གྲོས་འགོ་བཏོན། ཚང་དཔལ་གྱིས་དང་པོ་གྲོས་འགོ་འདིར་ང་རང་གིས་བསམ་ཚོད་མ་ལོན་ཡང་རེ་སྒུག་གིས་ཁེངས་ཡོད། ཨང་ཀིའི་བརྙན་གྲུབ་ལག་རྩལ་གྱི་ནུས་པའི་འོག་པར་ལེན་བརྩམས་ཆོས་སྤུས་དག་སྡེ་དགེ་བོད་ཤོག་ཏུ་སྦྱར་བ་མཐོང་ཞིང་དེ་དང་མཉམ་དུ་སྡེ་དགེ་བོད་ཤོག་གི་ཤུགས་རྐྱེན་ཐེབས་ཚད་དང་མང་ཚོགས་ཀྱི་ངོས་འཛིན་བྱུང་ཚད་ཇེ་མཐོར་སོང་བར་བརྟེན། ངའི་བློ་སྒོ་གསར་དུ་ཕྱེ་སོང་། སྡེ་དགེ་བོད་ཤོག་ལ་འབྲི་བ་དང་པར་འདེབས་ཙམ་མ་ཟད། ད་དུང་སྤྱོད་རྒྱ་ཆེན་པོ་ཡོད་པ་ཧ་གོ་སོང་ཞེས་བཤད།
བློ་སྒོ་ཐོག་མར་ཕྱེ་བ་དང་བསྟུན་ནས་ཚང་དཔལ་གྱིས་བརྒྱུད་འཛིན་དང་གསར་གསོད་དམ་འཛིན་མཉམ་བྱེད་ནི་སྡེ་དགེ་བོད་ཤོག་གཞི་རྩ་སྔར་བས་ཚུགས་ཐུབ་པའི་གནད་འགག་ཡིན་པར་ཤེས། ཚང་དཔལ་གྱིས་སྦྱོང་ཞོར་བཟོ་བ་དང་བཟོ་ཞོར་སྦྱོང་བ་རྒྱུན་འཁྱོངས་ལྷོད་མེད་བྱས་མཐར་ཆར་གདུགས་དང་ལྒང་ཞུ། ཁུག་མ་སོགས་བོད་ཤོག་གི་རིག་གནས་གསར་འཆར་ཐོན་རྫས་ཆར་རྗེས་ཀྱི་ཤ་མོ་བཞིན་ཐོན་པ་རེད། དེ་དང་བསྟུན་ནས་ཚང་དཔལ་ལ་ཁས་ལེན་དང་བསྟོད་བསྔགས་བྱེད་མཁན་མང་པོ་བྱུང་བས་མོར་སྐུལ་མ་ཆེན་པོ་ཐེབས། མོས་ཚུལ་དེ་ལས་ང་རང་སྐྱོད་སའི་ཁ་ཕྱོགས་འགྲིག་ཡོད་པ་མཚོན་ཐུབ་ཅིང་། དུས་རབས་མི་འདྲ་བར་ཐབས་ཤེས་ཀྱང་མི་འདྲ་བ་སྤྱད་ན་སྡེ་དགེ་བོད་ཤོག་གི་ཚེ་སྲོག་མི་ཉམས་བརྟན་དུ་ཡོང་ཐུབ་ཅེས་བཤད།
ད་ལྟ་ཚང་དཔལ་བཟོས་པའི་བོད་ཤོག་གི་རིག་གནས་གསར་འཆར་ཐོན་རྫས་རབ་དང་རིམ་པ་རི་ཀླུང་བརྒྱུད་དེ་པེ་ཅིང་དང་ཧྲང་ཧའེ། རྒྱལ་ཕྱིར་ཐོན་ཚར་ཞིང་ཚང་མའི་དགའ་བསུ་ཆེན་པོ་ཐོབ་པ་དང་ཆབས་ཅིག། དཀར་མཛེས་ཁུལ་གྱི་ཁྱད་ཆོས་དང་སྡེ་དགེའི་རིག་གནས་མི་ཚང་མར་རྒྱུས་ལོན་དུ་བཅུག་ཡོད།།
( སྐལ་བཟང་ཐུབ་བསྟན་གྱིས་བྲིས།)