国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕ་མ་བཟང་པོ།

ལས་ཀྱིས་བདས་པའི་རྣམ་ཤེས་ཕྲ་མོ་གང་།།

ཁོག་ནས་གསོས་ཤིང་སྐྱེས་ནས་ཟས་གོས་སོགས།།

རང་གི་སྲོག་ལས་གཅེས་པར་རྟག་བརྩོན་པའི།།

བྱམས་དང་བརྩེ་བའི་གཉེན་གཅིག་ཨ་མ་ཉིད།།

བསོད་ནམས་ལས་ཀྱིས་ཐོབ་པའི་མི་ལུས་འདི།།

བཟོད་དཀའི་འཁོར་བའི་གྲོང་དུ་འཁྱམ་ཙ་ན།།

གནོད་པའི་རྐྱེན་བཟློག་མཐུན་པའི་གྲོགས་མཛད་པའི།།

ཞུམ་མེད་གོ་ཆ་བགོ་བའི་ཨ་ཕ་ཉིད།།

འོ་སྐོལ་དྲིན་གྱི་ཆེ་བ་ཡབ་ཡུམ་ལ།།

ལན་དུ་འཇལ་བ་ཤིན་ཏུ་དཀའ་ན་ཡང་།།

བསམ་པའི་བློ་བསྟུན་དགའ་བས་སྲི་ཞུ་བཅས།།

དུས་ཀུན་མ་བརྗེད་བཀའ་དྲིན་དྲན་པར་གྱིས།།

འཕགས་པའི་ཐུགས་ཀྱི་རྒྱུ་འབྲས་མི་བསླུ་ཕྱིར།།

བསགས་པའི་བསོད་ནམས་ཆེ་ཆུང་གང་མཆིས་ན།།

ལེགས་པར་ཀུན་ཡང་ཕངས་མེད་ཕ་མར་མཆོད།།

དེ་ཡི་སྟོབས་ཀྱིས་སྐུ་ཚེ་རྟག་བརྟན་ཤོག །

༼ ལྡོང་རོང་བསོད་ཐར། ༽