国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས།

སྤྱི་ཟླ7ཚེས23ཉིན་ལ། དཀར་མཛེས་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས་པ་རེད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཞའོ་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

ཚོགས་འདུར་འཕྲོད་བསྟེན་བདེ་ཐང་གི་ཁྱབ་ཁོངས་ཀྱི་ཕྱོགས་སོ་སོ་ནས་ཡོང་བའི་ཆེད་རམས་པ་ཚོས་དཀར་མཛེས་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་མགྱོགས་སུ་གཏོང་ཆེད་ཧུར་ཐག་གིས་ཐབས་ཇུས་བཏོན་པ་དང《དཀར་མཛེས་ཁུལ་གྱིས་འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག(བསམ་འཆར་བསྡུ་ལེན་མ་ཟིན)》ལ་དམིགས་ནས་ཐབས་ཤེས་དང་ཇུས་བཟང་མང་པོ་བཏོན་ཡོད།

ཚོགས་འདུར་ཞུགས་པའི་ཆེད་རམས་པ་ཚོས་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གིས་བདེ་ཐང་ཀྲུང་གོའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་བསྟར་ཏེ་འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་མགྱོགས་སུ་སྐུལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་འདུ་ཤེས་དང་མ་སྐུལ་དང་ལེན་གྱིས་འགན་འཁུར་བའི་སྙིང་སྟོབས་མངོན་པར་མཚོན་ཡོད། དཀར་མཛེས་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ཤེས་ལྡན་མི་སྣ་ཧ་ཅང་དཀོན་པ་དང་། གཞི་རིམ་གྱི་རྨང་གཞི་ཞན་པ། ཆ་འཕྲིན་ཅན་འཛུགས་སྐྲུན་རྗེས་ལུས་ཐེབས་པ། མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་ཞན་པ་སོགས་ཀྱི་འགོག་རྐྱེན་ལ་དམིགས་ཏེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། ལམ་སྲོལ་གསར་གཏོད། བསྒྱུར་བཅོས་མཐར་ཕྱིན་གཏོང་བ་སོགས་ཀྱི་ཐད་ལ་ཤུགས་བསྣན་དགོས་པ་དང་། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་དང་སྨན་བཅོས་ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། སྨན་བཅོས་ལག་རྩལ་བཀོལ་སྤྱོད་ཁྱབ་གདལ་ལ་མཐོང་ཆེན་བྱེད་པ། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ། མི་རིགས་སྨན་བཅོས་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་དམིགས་སའི་རང་བཞིན་དང་དགེ་མཚན་ལྡན་པའི་ཐབས་ཇུས་མང་པོ་བཏོན་ཡོད།

ཚོགས་འདུར་བསྟན་དོན། ཉེ་བའི་ལོ་ཤས་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་མཐོང་ཆེན་བྱས་ནས་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་ཅི་ཐུབ་བྱས་ནས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། ཚོགས་འདུར་འབྲེལ་ཡོད་སྡེ་ཚན་གྱིས་ཆེད་རམས་པ་ཚོས་བཏོན་པའི་ཐབས་ཇུས་དང་བསམ་འཆར་ལ་ཁྱོན་ཡོངས་ནས་གསེད་བཀྲོལ་དང་བསྡུ་ལེན་ནན་ཏན་བྱས་ཏེ་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་བའི་བྱེད་ཐབས་ཁག་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུ་མ་འཚོག་སྔོན་ཚོགས་ཞུགས་ཆེད་རམས་པ་ཚོས་དར་མདོ་གྲོང་ཁྱེར་གཉའ་ལུང་འགོ་ཁྲོམ་གཞུང་སྤྱི་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་། དཀར་མཛེས་ཁུལ་ནད་ཡམས་ཚོད་འཛིན་ལྟེ་གནས། དཀར་མཛེས་ཁུལ་བོད་སྨན་ཁང་། དཀར་མཛེས་ཁུལ་མི་དམངས་སྨན་ཁང་སོགས་ཡུལ་དངོས་སུ་བསྐྱོད་ནས་བརྟག་ཞིབ་བྱས་ཏེ་རང་ཁུལ་གྱི་གཞི་རིམ་འཕྲོད་བསྟེན་དང་ནད་ཡམས་སྔོན་འགོག་ཞིབ་བཤེར། ཀྲུང་བོད་གསོ་རིག་འཕེལ་རྒྱས། ཆ་འཕྲིན་ཅན། རྒྱང་ཁྲིད་བརྟག་དཔྱད་སོགས་ཀྱི་གནས་ཚུལ་ཆ་རྒྱུས་ཟབ་མོ་ལོན་པ་རེད།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་ཀྲུང་ལུགས་གསོ་རིག་དོ་དམ་ཅུས། ཞིང་ཆེན་ནད་ཡམས་ཚོད་འཛིན་ཅུས་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་དང་ཞིང་ཆེན་ནད་ཡམས་ཚོད་འཛིན་ལྟེ་གནས། ཞིང་ཆེན་མ་བུད་བདེ་སྲུང་ཁང་། ཁྲེང་ཏུའུ་གྲོང་ཁྱེར་ཁྲག་བཤེར་ལྟེ་གནས། ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་དང་བཞི་པ་སོགས་སྡེ་ཚན་གྱི་མཁས་དབང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་མགོ་ཁྲིད་ཁོངས་མི་དང་སྡེ་ཚན་གྱི་འགན་ཁུར་བ། ཁུལ་ཐད་གཏོགས་སྨན་བཅོས་འཕྲོད་བསྟན་སྡེ་ཚན་གྱི་འགན་ཁུར་བ་སོགས་ཚོགས་འདུར་ཞུགས་པ་རེད།། ( སྐལ་བཟང་རྒྱ་མཚོས་བསྒྱུར།)