国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་དང་དབྱི་པིན་གྲོང་ཁྱེར་བར་མཉམ་ལས་ཟབ་སྤེལ་གྱི་ཆིངས་འཇོག་མཛད་སྒོ་སྤེལ།

སྤྱི་ཟླ7པའི་ཚེས31ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་དབྱི་པིན་གྲོང་ཁྱེར་མི་དམངས་སྲིད་གཞུང་བར་མཉམ་ལས་ཟབ་སྤེལ་གྱི་ཆིངས་འཇོག་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་དབྱི་པིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཧྥང་ཚུན་ཧའོ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་ཁྲེང་ཏུའུ་གྲོང་ཁྱེར་གྱི་གྲོང་དཔོན་ལིའོ་ཝུན་པིང་། དབྱི་པིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཙེང་ལིང་ཅུས་བཅས་གན་རྒྱ་བཞག་པའི་མཛད་སྒོར་ཞུགས་ཡོད།

ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚབ་མཛད་ནས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་མཁན་དབྱི་པིན་གྲོང་ཁྱེར་དང་འབྲུ་ལྔའི་ཨ་རག་ཚོགས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཁོང་གིས་ཕྱོགས་གཉིས་བར་ལ་དཀར་དབྱི་ལྡུམ་ཁུལ་མཉམ་སྐྲུན་བྱས་པ་ནི་དཀར་མཛེས་ཁུལ་དང་དབྱི་པིན་གྲོང་ཁྱེར་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་འབྱུང་འཕྲོད་ཐཱན་ཉུང་གི་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་བའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་པ་བྱེད་པ་དང་། ཐོན་ཁུངས་ལེགས་སྒྲིག་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་བསྐུལ་བའི་བྱ་ཐབས་ཞིབ་ཕྲ་ཡིན་པས། ཐེངས་འདིའི་གན་རྒྱ་བཞག་པ་དེ་དཀར་མཛེས་ཁུལ་དང་དབྱི་པིན་ལྡུམ་ཁུལ་མཉམ་ལས་ཟབ་སྤེལ་གྱིས་ཁ་གསབ་གྲོས་མཐུན་ཡིག་ཆ་ཡིན་ཞིང་། ས་གནས་གཉིས་ཀྱི་ལེགས་ཆ་གསབ་རེས་དང་མཉམ་ཕན་མཉམ་ཁེ། མཉམ་ལས་འཕེལ་རྒྱས་བཅས་ཀྱི་ལེའུ་གསར་པ་གསར་རྐྱང་ཞིག་རྩོམ་ངེས་རེད།

དཀར་མཛེས་ཁུལ་གྱིས་ཐེངས་འདིའི་གན་རྒྱ་བཞག་པ་དེ་གོ་སྐབས་ཤིག་ཏུ་བརྩིས་ནས་དབྱི་པིན་གྱི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་དང་མཉམ་དུ་ས་ཁོངས་བརྒལ་བའི་ལྡུམ་ཁུལ་གྱི་དཔེ་མཚོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བསྐྲུན་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་བྱས་རྗེས་གསར་པ་བཞག་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཧྥང་ཚུན་ཧའོ་ཡིས་ཉེ་བའི་ལོ་ཤས་རིང་ལ་དཀར་མཛེས་ཁུལ་གྱིས་ཆབ་སྲིད་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་ཏེ། ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་རིགས་བསྒྱུར་འཕེལ་རྒྱས་ལ་དཔེ་སྟོན་ས་བཟོས་ཡོད། ས་གནས་གཉིས་ཀྱིས་ཐེངས་འདི་གོ་སྐབས་ཤིག་ཏུ་བརྩིས་ནས་ལས་བྱེད་པ་འཇོན་ལྡན་དང་ཐོན་ལས་འཕེལ་རྒྱས། ཚོང་ར་གསར་འབྱེད་སོགས་ཀྱི་ཐད་ལ་མཉམ་ལས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཕྱོགས་གཉིས་ཀའི་མཉམ་ལས་ལ་མཉམ་ཕན་མཉམ་ཁེ་དང་འབྱུང་འགྱུར་མཉམ་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་ལེའུ་གསར་པ་རྩོམ་པའི་ཁྲོད་དཀར་མཛེས་ཁུལ་དང་དབྱི་པིན་གྱི་བྱས་རྗེས་གསར་པ་མངོན་པར་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།།(ལྷ་འཛོམས་ཀྱིས་བསྒྱུར།)