སྤྱི་ཟླ8པའི་ཚེས3ཉིན་ལ་དར་མདོའི་གུར་དྲག་གྲོང་རྡལ་རི་བརྒལ་གྲོང་ཚོར་ཆུ་ལོག་གནོད་འཚེ་ཆེན་པོ་ཐོན་རྗེས། ཚེས4ཉིན་གྱི་ཆུ་ཚོད14དང་སྐར་མ30ལ་སླེབས་དུས་རླངས་འཁོར4དང་ཁྱོན་མི11ཟམ་པའི་འོག་ཏུ་ལྷུང་ཡོད་པ་རྩད་ཆོད་པའི་ནང་ནས་མི1བསྐྱབས་ནས་སྨན་ཁང་དུ་བསྐྱལ་ཡོད། མི2རྐྱེན་ལམ་དུ་ཤོར་བ་དང་མི8གར་སོང་ཆ་མེད་དུ་སོང་། ད་དུང་ཟམ་པའི་ཉེ་འགྲམ་གྱི་དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་རི་བརྒལ་གྲོང་ཚོའི་མི6རྐྱེན་ལམ་དུ་ཤོར་བ་དང་མི11གར་སོང་ཆ་མེད་དུ་གྱུར། རོགས་སྐྱོབ་ལས་དོན་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱ་ཆེད་ཚན་རིག་དང་མཐུན་པའི་སྒོ་ནས་ཁག་བགོས་དང་། ཐག་ཉེ་སར་སྤོ་སྒྱུར། བཀོད་སྒྲིག་འོས་འཚམ་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ་མི939གོ་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱ་ཡུལ་དུ་སྤོས་ཐུབ་ཡོད། གཉེན་ཉེ་དང་གྲོགས་པོར་བརྟེན་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་མང་ཚོགས་བཀོད་སྒྲིག་བྱེད་ས4བཙུགས་ནས་མི431བཀོད་སྒྲིག་བྱས་ཡོད་པ་རེད། ད་སྔར་བཀོད་སྒྲིག་བྱེད་ས4ཡི་ཟ་སྡོད་ཆུ་གློག་སོགས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཡོད་པ་རེད།
ཤུགས་ཡོད་རྒུས་གང་སོང་ཆ་མེད་དུ་སོང་བའི་མི་སྣ་འཚོལ་བའི་ཆེད། མི1554དང་རླངས་འཁོར་དང་ལས་གྲྭའི་སྒྲིག་ཆས་ཆ་ཚང311དང་། འཕྲིན་གཏོང་སྒྲིག་ཆས་ཆ་ཚང68དང་། རོགས་སྐྱོབ་ཡོ་བྱད1500ལྷག། འཚོལ་སྐྱོབ་ཁྱི8དང་། AW-109ཐད་འཕུར་གནམ་གྲུ་ཡང་གྲས1དང་། མི་མེད་གནམ་གྲུ་ཆེ་གྲས1བཅས་བཏང་ནས་མི་སྣ་འཚོལ་སྐྱོབ་དང་སྨན་བཅོས། འགྲིམ་འགྲུལ། གློག་ཤུགས། འཕྲིན་གཏོང་འགན་ལེན་སོགས་ཀྱི་ལས་དོན་སྤེལ་བ་རེད། ཤུགས་ཡོད་རྒུས་མྱུར་བཟོ་བྱས་པར་བརྒྱུད། གཏོར་བཤིག་ཐེབས་པའི་བརྡ་འཕྲིན་ས་ཚུགས7སླར་གསོ་ཐུབ་ཅིང་གཏོར་བཤིག་ཐེབས་པའི་འོད་སྐུད་སྤྱི་ལེ15.4བཟོས་ནས་གནོད་ཐེབས་ཁོངས་ཀྱི་འཕྲིན་གཏོང་ལ་ཤུགས་རྐྱེན་ཆེན་པོ་མེད་པ་དང་སྤྱི་དམངས་ཀྱི་འཕྲིན་གཏོང་དྲྭ་རྒྱ་བརྟན་པོ་ཡོད་པ་རེད།
རྨས་མ་སྐྱོབ་བཅོས་ཡག་པོ་བྱ་ཆེད། ཞིང་ཆེན་དང་ཁུལ། རྫོང(གྲོང་ཁྱེར)བཅས་ཀྱིས་སྨན་དོན་མི་སྣ་30ལྷག་བཏང་ནས་རྨས་མ16(ཚང་མའི་ཚེ་སྲོག་ལ་ཉེན་ཁ་མེད་པ་དང་དེའི་ནང་ནས་མི4སྨན་བཅོས་བྱས་རྗེས་སྨན་ཁང་ནས་ནས་ཐོན་ཡོད)ལ་སྨན་བཅོས་བྱས་པར་མ་ཟད། ད་དུང་མི281ལ་ནད་བརྟག་པ་དང་མི500ལྷག་ལ་བདེ་ཐང་སློབ་གསོ་བྱས་ཡོད། སྨི་ངོས་གྲུ6000ཙམ་ལ་ནད་དུག་སེལ་བ་དང་བདེ་ཐང་དྲིལ་བསྒྲགས་ཡི་གེ180ལྷག་སྤྲད་ཡོད།
ཁུལ་ཡོངས་སུ་རིག་གནས་ཡུལ་སྐོར་དང་བླངས་པ1791བཏང་བ་དང་། བློ་འདྲིའི་ཞབས་ཞུའི་ས་ཚུགས217བཙུགས་ཤིང་། ཡུལ་སྐོར་བ9386ལ་ཞབས་འདེགས་ཞུས་ཡོད་པར་མ་ཟད།ད་དུང་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་དུ་ཟོག་འདྲེན་རླངས་འཁོར་ཁ་ལོ་བའི་ཞབས་ཞུ་ས་ཚུགས8བཙུགས་པ་རེད།། ( ལྷ་འཛོམས་ཀྱིས་བསྒྱུར།)