ཀུན་གྱིས་ཤེས་གསལ་ལྟར། སེར་ཤུལ་ལ“རྡོ་བརྐོས་སྒྱུ་རྩལ་གྱི་རྒྱལ་ས”ཞེས་པའི་མཚན་སྙན་ལྡན། དེ་ལས་གསང་གི་མ་ཎིའི་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག། རྡོ་བརྐོས་ཐོན་ལས་ལ་སྔར་བས་སྐུལ་འདེད་གཏང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏང་བ། འབབ་འཕར་ཐབས་ལམ་རྒྱ་ཆེར་བཅས་གཏང་ཆེད། ཉེ་ཆར། སེར་ཤུལ་རྫོང་གསང་གི་མ་ཎིའི་གྲོང་ཆུང་བསྐྲུན་ནས་དངོས་སུ་བེད་སྤྱོད་བྱེད་འགོ་བཙུགས།
མཛད་སྒོའི་ཐོག་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཉི་ཚེ་ཡིས་ཤིས་ཚིག་ཕུལ། ཁོང་གིས་བརྗིད་ཉམས་ལྡན་པའི་རྫ་ཆུ་ཁར“རྡོ་བརྐོས་སྒྱུ་རྩལ་གྱི་རྒྱལ་ས”ཞེས་པའི་མཚན་སྙན་ཡོད་པ་དང་ད་བར་རྡོ་བརྐོས་སྒྱུ་རྩལ་གྱི་རྗེས་ཤུལ300ལྷག་ཙམ་ཉར་ཚགས་བྱས་ཡོད། དེའི་ནང་ལོ་ངོ་སྟོང་གི་འགྱུར་ལྡོག་བརྒྱུད་མྱོང་བའི་གསང་གི་མ་ཎི་ནི་བརྗིད་ཉམས་ལྡན་ལ་ངོ་མཚར་ཆེ་བས་སྐད་གྲགས་ཆེ་བ་དང་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཞིག་རེད། གསང་གི་མ་ཎི་ནི་ལོ་ངོ་སྟོང་གི་ཐང་བོད་གནའ་ལམ་གྱི་བགྲོད་ལམ་གལ་ཆེན་ཞིག་ཡིན་ཞིང་། མི་རིགས་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་ཀྱི་སེར་ཤུལ་གྱི་གཏམ་རྒྱུད་བཤད་པ་དང“མི་རིགས་མཐུན་སྒྲིལ་དང་ཁྱིམ་ཚང་གཅིག་པའི”གསོན་ཉམས་དོད་པའི་རྣམ་པ་བདེན་དཔང་བྱེད་ཀྱི་ཡོད། གསང་གི་མ་ཎིའི་གྲོང་ཆུང་སྒོ་ཕྱེ་བ་དེའི་ཐོག་ནས་རང་རྫོང་གི་རིག་གནས་དང་ཡུལ་སྐོར། ཐོན་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ཐད་གོམ་སྟབས་གསར་པ་སྤོས་པ་དང་རྡོ་བརྐོས་རིག་གནས་ཀྱི་ཉམས་འགྱུར་སྔར་བས་ཟབ་མོ་དང་། ཡུལ་སྐོར་གྱི་ཁྱད་ཆོས་སྔར་བས་མངོན་གསལ་དོད་པ། གྲོང་ཆུང་ཡིད་དབང་འཕྲོག་ཤུགས་སྔར་བས་མངོན་པ་བཅས་མཚོན་ཡོད། ཚང་མའི་ཐུན་མོང་གི་གཅེས་སྐྱོང་འོག་གསང་གི་མ་ཎིའི་གྲོང་ཆུང་དེ་སེར་ཤུལ་རྫོང་གི་མཛེས་སྡུག་ལྡན་པའི་ལྗོངས་ཁུལ་ཞིག་ཏུ་འགྱུར་བར་བྱས་ནས་དེ་བས་ཡིད་དབང་འཕྲོག་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
གནས་སྤོ་དུད་ཚང་གི་ཁྱིམ་དུ་བསྐྱོད་སྐབས་ཁང་པ་རྒྱ་ཆེ་ལ་དཀར་ཆ་དོད་པ། ཐབ་ཚང་དང་འཕྲོད་བསྟེན་སྒྲིག་ཆས་ཆ་ཚང་བས་བཟའ་མིའི་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་མངོན། ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་རྡལ་ཆུང་བའི་གྲོང་མིས་བོད་ལུགས་ཀྱི་ཡུལ་སྲོལ་གོམས་གཤིས་གཞིར་བྱས་ནས་ཁྱིམ་ཚང་ཆེ་འབྲིང་མི་འདྲ་བར་དབྱེ་ཡོད་པ་དང་ཁྱིམ་ཚང་ཚང་མར་འཐུས་སྒོ་ཚང་བའི་སྡོད་གནས་ཇུས་འགོད་ཡོད་པ་དང་གསང་སྤྱོད་དང་ཐབ་ཚང་། འགྲོ་འདུག་ཁང་། མགྲོན་ཁང་བཅས་ཚང་མ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།2022ལོའི་ཟླ7པར་གསང་གི་མ་ཎིའི་གྲོང་ཆུང་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་འགོ་ཚུགས་པ་དང་ལས་གཞི་དེར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར3.2བཏང་། གཙོ་བོ་ཅིན་ཉིའུ་ལིན་ཕིང་གི་རོགས་སྐྱོར་འཛུགས་སྐྲུན། རྨ་ཆུའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་དགའ་ཁ་གསབ་དང་རྫོང་རིམ་པའི་རང་གྲབས་སོགས་ཐབས་ལམ་མང་པོའི་མ་དངུལ་བརྒྱུད་འཛུགས་སྐྲུན་བྱས་པ་རེད། ལས་གཞིའི་ནང་དུད་ཁྱིམ་གནས་སྤོ་ཁང་པ166འཛུགས་སྐྲུན་དང་དེ་བཞིན་སློབ་གྲྭ་དང་། འཕྲོད་བསྟེན་ཁང་། གྲོང་མིའི་ལྟེ་གནས། ཉེན་རྟོག་ཁང་། ཚོང་ལས་ཁྲོམ་ལམ། ལུས་སྦྱོང་ཐང་ཆེན། གྲོང་ཁྱེར་དོ་དམ་གྱི་བགྲོད་ལམ། ཉེན་མེད་འཐུང་ཆུ། འཕྲིན་གཏོང་རྨང་ཚུགས། གློག་ཤུགས་འགན་ལེན་སོགས་སྤྱི་པའི་ཞབས་ཞུའི་ལེ་ལག་ཚང་བའི་སྒྲིག་བཀོད་དང་ཡུལ་སྐོར་སྣེ་ལེན་ལྟེ་གནས། འཁྲབ་སྟོན་ལྟེ་གནས། སྣེ་ལེན་ལྟེ་གནས། གློག་སྒུལ་སྤྱི་སྤྱོད་རླངས་འཁོར་ས་ཚུགས་སོགས་ཡུལ་སྐོར་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ཡོད་པ་རེད།
གསང་གི་མ་ཎིའི་གྲོང་ཆུང་བསྐྲུན་པ་དེ་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱི་ལས་གྲྭ་ཞིག་ཡིན་པར་མ་ཟད། ཡུལ་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་ལས་གྲྭ་ཞིག་ཀྱང་ཡིན་ལ། ཕྱོགས་ཡོངས་ཀྱི་དམངས་ཕན་ལས་གྲྭ་ཞིག་ཀྱང་ཡིན། ལས་གཞི་ལེགས་གྲུབ་བྱུང་བ་དེས་རང་རྫོང་གི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སྔར་བས་གཏིང་ཟབ་དང་། འབྲོག་པའི་འཚོ་བ་སྔར་བས་ལེགས་པ།ཞིང་ལས་ཡོང་འབབ་འཕར་རྒྱུར་སྐུལ་འདེད། སྐྱེ་ཁམས་རྨང་གཞི་སྔར་བས་མངོན་གསལ་དོད་པ། རིག་དངོས་སྲུང་སྐྱོང་སྔར་བས་ནུས་ལྡན་བཅས་ཡོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན། འབྱུང་འགྱུར་ལ་དེང་རབས་ཅན་དང་མཛེས་སྡུག་ལྡན་པའི་གྲོང་རྡལ་ཆུང་ངུ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མདུན་དུ་མངོན་ནས་ཡུལ་སྡེ་དར་རྒྱས་ཀྱི་རི་མོ་གསར་རྐྱང་མངོན་པ་དང་སེར་ཤུལ་རྫོང་ལ་དེ་བས་མཛེས་སྡུག་ལྡན་པའི་ཚོན་མདངས་འབྲི་རྒྱུ་རེད།། ( དཔལ་བཟང་གིས་བྲིས།)