国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བགྲང་བྱ་བཞི་བཅུའི་རིང་དྲང་བདེན་གྱི་ས་བོན་གཤིས་ཆུའི་འབབ་རྒྱུད་དུ་བཏབ།

ལུའི་ཆི་ཞུང(དཀྱིལ)དང་ལས་གྲོགས་ཚོས་མང་ཚོགས་ལ་བཅར་འདྲི་བྱས་ནས་གྱོད་དོན་རྒྱུས་ལོན་བྱེད་བཞིན་པ།

ལུའི་ཆི་ཞུང་གིས་དོ་བདག་ཕྱོགས་གཉིས་པོར་ངང་རྒྱུད་རིང་པོས་འདུམ་འགྲིག་བྱེད་བཞིན་པ།

དོ་བདག་གིས་ལུའི་ཆི་ཞུང(གཡས)ལ་དྲིན་ཞུའི་དར་ཆ་སྤྲད།

མི་སྣ་ངོ་སྤྲོད།

ལུའི་ཆི་ཞུང་། སྐྱེས་པ། 1966ལོའི་ཟླ་བ10པར་སྐྱེས། ཀྲུང་གུང་ཏང་མི་ཡིན། རྒྱ་རིགས། བྲག་མགོ་རྫོང་མི་དམངས་ཁྲིམས་ཁང་གི་རིམ་པ་གསུམ་པའི་མཐོ་རིམ་ཁྲིམས་དཔོན། སྔོན་བྲག་མགོ་རྫོང་མི་དམངས་ཁྲིམས་ཁང་ཏང་ཚན་ཁག་གི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་མགོ་གཙོ་གཞོན་པའི་འགན་བཞེས་མྱོང་། ད་ལྟ་བྲག་མགོ་རྫོང་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཆེད་གཉེར་ཨུ་ཡོན་གྱི་འགན་བཞེས་ཡོད།

ལུའི་ཆི་ཞུང་ལས་གནས་སུ་ཞུགས་པ་ནས་བཟུང་སྔ་ཕྱི་བར་གསུམ་དུ་ལས་ཆོད་ཆེ་བ་དང་ཆེད་ལས་ཡིན་པ། རང་གཅུན་བཅས་ཀྱི་ལས་ཀའི་འདུ་ཤེས་རྒྱུན་འཁྱོངས་ནས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་དང་རྩོད་གཞི་འདུམ་གཅོད། འཆམ་མཐུན་ལ་སྐུལ་སྤེལ་བཅས་བྱས་ཏེ་གཞུང་དྲང་དང་ལས་ཕྱོད་ཀྱི་གཙོ་དོན་དེ་ཐག་བཅད་པའི་གྱོད་གཞི་ཚང་མའི་ནང་འདྲེས་སུ་བཅུག་པར་མ་ཟད། ལས་རིགས་ཀྱི་སྤྱོད་བཟང་དང་ཁྲིམས་དཔོན་ཚད་ལྡན་གྱི་བྱ་སྤྱོད་ལ་བརྟེན་ནས་རང་ཉིད་གཅུན་འདོམས་གང་ལེགས་བྱས། དོན་དངོས་དང་བཅའ་ཁྲིམས་ཀྱི་འགག་སྒོ་ནན་པོར་བསྲུངས་ཤིང་ཚུལ་མིན་གྱི་གྱོད་གཞི་མི་སྒྲུབ་པ་བཅས་ཀྱི་ཐོག་ནས་བགྲང་བྱ་བཞི་བཅུའི་རིང་དྲང་བདེན་གྱི་ས་བོན་གཤིས་ཆུའི་འབབ་རྒྱུད་དུ་བཏབ།

དམངས་ཀྱི་སེམས་ཁྲལ་མྱུར་བར་བསལ།

2023ལོའི་ཟླ་བ12པའི་ཚེས22ཉིན། རྣམ་ཆེ་གེ་མོའི་འཁོར་གསུམ་འཕྲུལ་རྟ་ནང་དུ་ཚེ་ཆེ་གེ་མོ་སོགས་མི་གསུམ་བསྡད་ནས་སློབ་གྲྭར་འགྲོ་བའི་ལམ་བར་དུ། ཡེ་ཆེ་གེ་མོས་བསྐོར་བའི་རླངས་འཁོར་དང་གདོང་ཐུག་བྱུང་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་དང་ཚེ་ཆེ་གེ་མོའི་ངོ་ལ་རྨས་སྐྱོན་ཕོག་པ་དང་སོ་གཉིས་བཅག། དོན་རྐྱེན་བྱུང་ནས་ད་བར་དུ་ཟླ་བ་ཁ་ཤས་ཕྱིན་པར་མ་ཟད། དོན་རྐྱེན་བྱུང་རྗེས་ཕྱོགས་གཉིས་པོས་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་ལ་གྱོད་དོན་སྙན་སེང་ཞུས་མེད། ཚེ་ཆེ་གེ་མོའི་ཁྱིམ་མི་ད་ལོའི་ཟླ་བ4པའི་ཚེས1ཉིན་བྲག་མགོ་རྫོང་མི་དམངས་ཁྲིམས་ཁང་དུ་བློ་འདྲི་བར་སླེབས། ཁྲིམས་ཁང་དེའི་ལས་བྱེད་མི་སྣས་ཞིབ་བཤེར་བྱས་རྗེས་གྱོད་དོན་དེའི་དམིགས་བྱ་ཆེན་པོ་མེད་པ་དང་། དོན་དངོས་གསལ་བ། ཁེ་དབང་དང་འོས་འགན་གྱི་འབྲེལ་བ་གསལ་པོ་ཡོད་པས།

འདུམ་འགྲིག་གི་རྨང་གཞི་འཛོམས་ཡོད་པར་ངོས་འཛིན་བྱས། དེར་བརྟེན་དོ་བདག་ཕྱོགས་གཉིས་ཀྱི་མོས་མཐུན་བྱུང་རྗེས། སྔོན་ལ་གཏུག་བཤེར་མ་བྱས་གོང་གི་འདུམ་འགྲིག་གོ་རིམ་སྒྲུབ་པར་ཐག་བཅད།

གྱོད་གཞི་དེ་ལུའི་ཆི་ཞུང་གིས་སེའུ་འབྲུ་འདུམ་འགྲིག་ཁང་ལ་ཁག་བགོས་ནས་སྤྲད་པ་དང་། འགལ་བ་ཛ་དྲག་ཏུ་མི་འགྲོ་བའི་ཆེད་དུ་ལུའི་ཆི་ཞུང་གིས་དོ་བདག་ལ་རེ་རེ་བཞིན་འབྲེལ་གཏུག་བྱས་ཏེ་ངང་རྒྱུད་རིང་པོས་དུས་ཚོད་ཐུང་ཤོས་ནང་འདུམ་འགྲིག་བྱས་ཏེ་དོ་བདག་གི་འདོད་མོས་འགྲུབ་པར་བརྩོན་ལེན་བྱས། 《དམངས་དོན་སྐོར་གྱི་ཁྲིམས་གཞུང》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་ཉེན་མེད་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་དང་འདྲ་མཉམ་ལུགས་མཐུན་གྱི་རྩ་དོན་ལྟར། གྱོད་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལུའི་ཆི་ཞུང་གིས་འགྲིམ་འགྲུལ་དོན་རྐྱེན་གྱི་འགན་འཁྲི་དབྱེ་བ་དང་སྐྱིན་ཚབ་འཇལ་བ་སོགས་ཀྱི་ཐད་ནས་བཅའ་ཁྲིམས་འགྲེལ་བཤད་གསལ་པོར་བྱས་པས་ཕྱོགས་གཉིས་པོའི་བསམ་འཆར་གཅིག་མཐུན་བྱུང་སྟེ། ཞུ་སྦྱོར་ཕྱི་མ་ཡེ་ཆེ་གེ་མོས་ཚེ་ཆེ་གེ་མོར་སྐྱིན་ཚབ་འཇལ་བ་རེད།

ཚེ་ཆེ་གེ་མོས་བསམ་ཡུལ་ལས་འདས་པ་ཞིག་ལ་དོན་དག་འདི་འདྲའི་མགྱོགས་མྱུར་ཐག་གཅོད་ཐུབ་སོང་། ཁྲིམས་ར་འཚོག་མི་དགོས་པ་དང་གཏུག་བཤེར་གྲོན་དངུལ་གཏོང་མི་དགོས་པར་མ་ཟད་ཁྲིམས་རྩོད་པའི་གྲོན་དངུལ་ཡང་གྲོན་ཆུང་ཐུབ་ཡོད། གཏུག་བཤེར་མ་བྱས་གོང་འདུམ་འགྲིག་བྱ་རྒྱུ་དེ་དངོས་གནས་སྟབས་བདེ་པོ་འདུག། ཁྲིམས་དཔོན་ལུའི་ལགས་ཀྱིས་ངང་རྒྱུད་རིང་པོས་འདུམ་འགྲིག་གནང་བར་ཐུགས་རྗེ་ཆེ་ཞུ་ཞེས་བཤད། ཡེ་ཆེ་གེ་མོས་ཀྱང་ལྷག་བསམ་རྣམ་དག་གིས་ཁྲིམས་ཁང་གི་ངང་རྒྱུད་རིང་ཞིང་ཞིབ་ཚགས་ཡིན་པའི་ལས་ཀའི་རྣམ་འགྱུར་ལ་ཐུགས་རྗེ་ཆེ་ཞུས་པ་རེད།

དེ་དང་དེ་འདྲ་བའི་གྱོད་དོན་ད་དུང་ཧ་ཅང་མང་པོ་ཡོད། བགྲང་བྱ་བཞི་བཅུའི་རིང་ལུའི་ཆི་ཞུང་གིས་སྔ་ཕྱི་བར་གསུམ་དུ་དྲང་གཞག་དང་དྲང་བདེན་དོན་དུ་གཉེར་བ་དང་། ཁྲིམས་འཛིན་བྱ་གཞག་ལ་དགའ་ཞེན་ཚད་མེད། ལས་ཀར་འགན་འཁུར་བའི་དད་མོས་བརྟན་པོ་བཅས་ལ་བརྟེན་ནས་ཞུ་གཏུག་མ་བྱས་གོང་གི་འདུམ་འགྲིག་ལས་གནས་ཐོག་འབད་བརྩོན་བྱས་པ་དང་སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མིན་པའི་མི་ཚེའི་བྱས་རྗེས་བཞག་པ་རེད།

རྗེས་རབས་པར་རང་དཔེ་གཞན་བསྟན་བྱས།

ཁྲིམས་ཁང་དེའི་མགོ་གཙོ་གཞོན་པས་ཁོ་ནི་ཁྲིམས་དཔོན་ཞིག་ཡིན། ངར་ཤུགས་ཀྱི་ཁྲོད་དུ་བརྩེ་བས་ཕྱུག་ལ་ལས་ལ་

བརྩོན་ནས་དྲང་བདེན་བསྐྱངས། ཁོ་ནི་དགེ་རྒན་ཞིག་ཡིན་ཏེ། རང་དཔེ་གཞན་སྟོན་དང་འབད་བརྩོན་ལྷོད་མེད་ཀྱི་སྒོ་ནས་ཁྲིམས་དཔོན་སློབ་མ་ཕུལ་དུ་བྱུང་བ་གསོ་སྐྱོང་མཛད།ཁོའི་ལྷག་བསམ་རྣམ་དག་དེ་ལས་བཀུར་འགན་སྲུང་གི་ཐོག་ནས་རབ་ཏུ་མངོན་ཐུབ་པ་དང་དྲང་བདེན་གྱི་ས་བོན་མང་ཚོགས་ཀྱི་སེམས་སུ་བཏབ་ཡོད། ཁོ་ལོ་ན་ཆེ་ཡང་ལས་སྒྲུབ་ཀྱི་སེམས་ཤུགས་བླ་ལྷག་ལྡན་པས་ང་ཚོའི་སེམས་དབུས་ཀྱི་མིག་དཔེ་ལྟ་སར་གྱུར་ཡོད་ཅེས་བཤད།

སློབ་མ་ཚོས་ལུའི་ཆི་ཞུང་ལ་རྒྱུན་དུ་བརྩོན་པ་བྱེད་དོན་ཅི་ཡིན་ཞེས་དྲིས་པར། ཁོས་འཛུམ་དམུལ་དམུལ་ངང་དོ་བདག་གི་གྱོད་གཞི་དོན་ཆུང་མིན། ཁྲིམས་དཔོན་གྱི་གྱོད་གཞི་གཅིག་ནི་དོ་བདག་གི་ཚེ་གཅིག་གི་དོན་དག་ཡིན་པས་སྣང་མེད་དུ་གཏོང་ག་ལ་འོས་ཞེས་བཤད་སྲིད། སྐད་ཆ་འདིར་བལྟས་ཚོད་ལ་ཀུ་རེའི་ཉམས་ཤིག་སྣང་མོད། འོན་ཀྱང་དོན་དངོས་སུ་འདི་ནི་ཁོས་ཁྲིམས་འཛིན་ལས་དོན་ལ་ཧུར་བརྩོན་དང་དོ་བདག་གི་དཀའ་ངལ་ཐག་གིས་གཅོད་པའི་སེམས་ཤུགས་དེ་རེད།

དམངས་དོན་འདྲི་གཅོད་ཁྲིམས་རའི་ཁྲིམས་དཔོན་ཝང་ཁྲེང་ཅོན་གྱི་མིག་ནང་དུ་ལུའི་ཆི་ཞུང་ནི་དགེ་རྒན་ཡིན་ལ་གྲོགས་པོ་ཡང་ཡིན། ཁོ་ནི་གཞོན་སྐྱེས་རྣམས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་གི་སྣེ་འཁྲིད་མཁན་ཡིན་ལ་མིག་དཔེ་ལྟ་ས་ཡང་ཡིན། ཁོས་བགྲང་བྱ་བཅུ་ཕྲག་ཁ་ཤས་ཀྱི་ཁྲིམས་འཛིན་བརྒྱུད་རིམ་ཁྲོད་དུ་སྤྲོ་སེམས་དང་ནུས་ཤུགས་ཡོད་ཚད་བཏོན་ནས་ལས་གནས་དང་ལས་རིགས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་བཏོད་ཡོད་པས་ཁོ་ནི་ཚང་མས་ཁས་ལེན་ཐོབ་པའི་དབང་གྲགས་ཅན་གྱི་མི་སྣ་གཅིག་པུ་རེད་ཅེས་བཤད།

བགྲང་བྱ་བཅུ་ཕྲག་ཁ་ཤས་རིང་འདྲི་གཅོད་ལས་དོན་ཁྲོད་གནམ་ས་གཡོ་བའི་བྱ་སྤྱོད་རླབས་པོ་ཆེ་མེད་ཀྱང་གྲགས་མེད་འུར་མེད་ངང་བྱས་རྗེས་ཕུལ་ཡོད། ལུའི་ཆི་ཞུང་གི་སེམས་སུ་སྔ་ཕྱི་བར་གསུམ་དུ་དྲང་བདེན་ཉར་ཡོད། ཁོས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་གྱོད་གཞི་ཚང་མ་ཡག་པོར་བསྒྲུབས་ཏེ་མང་ཚོགས་ལ་བློ་ཡིད་ཚིམས་པའི་ལན་སྤྲད་པ་དང་ནང་སེམས་ལ་ནོངས་འགྱོད་མེད་པར་བྱས། བགྲང་བྱ་བཅུ་ཕྲག་ཁ་ཤས་རིང་བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་དོན་ཁྲིམས་འཛིན་གྱི་སྟོབས་ཤུགས་ལ་འགྲེལ་བཤད་གང་ལེགས་བརྒྱབ་ཡོད་དོ།།( རྟ་མགྲིན་རྡོ་རྗེས་བསྒྱུར།)