国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྟའུ་ཡི་གནའ་བྲོ།

༡ བྲོ་གཞི།

ཞེ་བ་ཡ་ལ་པོ་ཤོ་ཡེ་བདེ་མོ། ལ་སོ།

བདེ་ལས་ཡ་ལ་མོ་འདྲ་ལ་ཞོགས།

མགྲོན་པོ་ཡ་ལ་མེ་ཏོག་ཁྲ་མོ། ལ་སོ།

ཁྲ་ལས་ཡ་ལ་མོ་འདྲ་ཞོགས།

སེན་ཆུང་ཡ་ལ་ཡར་རྒྱས་སོང་། ལ་སོ།

རྒྱས་ལས་ཡ་ལ་སོང་འདྲ་སོང་།

ཞབས་བྲོ་ཡ་ལ་ཆེ་འགྲོ། ལ་སོ།

ཆེ་ལས་ཡ་ལ་འགྲོ་པ་ཞོགས།

དང་པོ་ཆོས་ཀྱི་སྲིད་པ་མ་ཡ་ལ་ཆགས། ལ་སོ།

དང་པོ་ཆོས་ཀྱི་སྲིད་པ་ལ་ཆགས།

དང་པོ་ཆོས་ཀྱི་སྲིད་པ་མ་ཡ་ལ་ཆགས། ལ་སོ།

རྒྱ་གར་ཆོས་ཀྱི་ར་བ་ལ་ཆགས།

རྒྱ་གར་ཆོས་ཀྱི་ར་བ་མ་ཆགས། ལ་སོ།

ཆོས་ཀྱི་བསྟན་པ་དེའི་ནང་ལ་དར།

གཉིས་པ་ཀྱི་ཁྲིམས་ཀྱི་སྲིད་པ་མ་ཆགས། ལ་སོ།

རྒྱ་ནག་ཁྲིམས་ཀྱི་ར་བ་ལ་ཆགས།

རྒྱ་ནག་ཁྲིམས་ཀྱི་ར་བ་མ་ཆགས།

ཁྲིམས་ཀྱི་བསྟན་པ་དེའི་ནང་ལ་དར།

གསུམ་པ་བྲོ་ཡི་སྲིད་པ་མ་ཆགས། ལ་སོ།

རྟའུ་བྲོ་ཡི་བྲོ་ཡི་ར་བ་ལ་ལ་ཆགས།

རྟའུ་བྲོ་ཡི་བྲོ་ཡི་ར་བ་ལ་མ་ཆགས། ལ་སོ།

བྲོ་ཡི་བསྟན་པ་དེའི་ནང་ལ་དར།

ཞབས་ལ་བྱང་པའི་བྲོ་ར་བདེ་མོ་ཤོག། ལ་སོ།

བྲོ་ར་ཡ་ལ་བདེ་མོ་ཤོག།

༢ ལ་ཅེ་ལ།

བླ་མ་བཟང་པོ་ག་ནས་ཡུལ་ལ་ཕེབས།

ལ་ཅེ་ལ། ག་ནས་ཡུལ་ལ་ཕེབས།

ལ་ཅེ་ལ། བླ་མ་བཟང་པོ་ཆོས་ར་ཡུལ་ལ་ཕེབས།

ལ་ཅེ་ལ། ཆོས་ར་ཡུལ་ལ་ཕེབས།

ལ་ཅེ་ལ། ཆོས་གོས་ཤམ་ཐབ་ནང་ལ་སྲིང་སེ་སྲིང་།

ལ་ཅེ་ལ། ནང་ལ་སྲིང་སེ་སྲིང་།

ཨོ། རྡོག་བྲོ་ཡག་མོ་ཕྱི་ལ་རྒྱག། ཨོ།

རྡོག་བྲོ་ཡག་མོ་ནང་ལ་རྒྱག།

ཨ་དེ་ལ་ཡོད། རྟེན་འབྲེལ་དཀར་པོ་ཐོག་ལ་ཡོད།

ལ་ཅེ་ལ། དཔོན་ལས་བཟང་པོ་ག་ནས་ཡུལ་ལ་ཕེབས།

ལ་ཅེ་ལ། ག་ནས་ཡུལ་ཕེབས།

ལ་ཅེ་ལ། དཔོན་ལས་བཟང་པོ།

ལ་ཅེ་ལ། ཁྲིམས་ར་ཡུལ་ལ་ཕེབས།

ལ་ཅེ་ལ། འཁོར་གསུམ་ཁྲ་མོ་ནང་ལ་སྲིང་སེ་སྲིང་།

ལ་ཅེ་ལ། ནང་ལ་སྲིང་སེ་སྲིང་།

ཨོ། རྡོག་བྲོ་ཡག་མོ་ཕྱི་ལ་རྒྱག།

ཨོ། རྡོག་བྲ་ཡག་མོ་ནང་ལ་རྒྱག།

ཨ་དེ་ལ་ཡོད། རྟེན་འབྲེལ་དཀར་པོ་ཐོག་ལ་ཡོད།

ལ་ཅེ་ལ། ཕ་མ་བཟང་པོ་ག་ནས་ཡུལ་ལ་ཕེབས།

ལ་ཅེ་ལ། ག་ནས་ཡུལ་ལ་ཕེབས།

ལ་ཅེ་ལ། ཕ་མ་བཟང་པོ་བྲོ་རའི་ཡུལ་ལ་ཕེབས།

ལ་ཅེ་ལ། ཕ་མ་བཟང་པོ་བྲོ་རའི་ཡུལ་ལ་ཕེབས།

ལ་ཅེ་ལ། བྱི་རུ་སྤོས་ཤེལ་ནང་ལ་སྲིང་སེ་སྲིང་།

ལ་ཅེ་ལ། ནང་ལ་སྲིང་སེ་སྲིང་།

ཨོ། རྡོག་བྲོ་ཡག་མོ་ཕྱི་ལ་རྒྱབ།

ཨོ། རྡོག་བྲོ་ཡག་མོ་ནང་ལ་རྒྱབ།

དེ་ལ་ཡོད། རྟེན་འབྲེལ་དཀར་པོ་ཐོག་ལ་ཡོད།

ལ་ཅེ་ལ། ཞབས་ལ་བྱང་པའི་བྲོ་ར་

བདེ་མོ་ཞོག ལ་ཅེ་ལ། བྲོ་ར་བདེ་མོ་ཤོག།

༣ ལ་བདེ་ལུང་བདེ།

ཞབས་བྲོ་ཆེ་འགྲོ་ཆེ་ལས་ལ་འགྲོ་པ་ཤོག།

ཡ་ཨ་ལ་ཆེ་ལས་ལ་འགྲོ་པ་ཤོག།

ལ་བདེ་ལུང་བདེ་ལུང་པ་ཡག་པ་ཡག་མོ་བདེ།

ཡ་ཨ་ལ། ལུང་པ་ཡག་མོ་བདེ།

ལུང་པ་བདེ་ས་དགོན་ཆེན་ཁྲ་མོ་ཆགས།

ཡ་ཨ་ལ། དགོན་ཆེན་ཁྲ་མོ་ཆགས།

དགོན་ཆེན་ཁྲ་མོ་ཕྱི་ཡག་ནང་ཡག་རེད།

ནང་ལ་ཡག་ལས་བླ་མ་བཟང་པོ་བཞུགས།

ཡ་ཨ་ལ། བླ་མ་བཟང་པོ་བཞུགས།

ཕྱི་ལ་ཡག་ལས་གྲྭ་པ་སྟོང་གིས་སྐོར།

ཡ་ཨ་ལ། གྲྭ་པ་སྟོང་གིས་སྐོར།

ལ་བདེ་ལུང་བདེ། ལུང་པ་ཡག་མོ་བདེ།

ཡ་ཨ་ལ། ལུང་པ་ཡག་མོ་བདེ།

ལུང་པ་བདེ་ས་ཕོ་བྲང་དཀར་པོ་ཆགས། ཡ་ལ།

ཕོ་བྲང་དཀར་པོ་ཆགས།

ཕོ་བྲང་དཀར་པོ་ཕྱི་ཡག་ནང་ཡག་རེད།

ཡ་ཨ་ལ། ཕྱི་ཡག་ནང་ཡག་རེད།

ནང་ལ་ཡག་ལས་དཔོན་ལུ་བཟང་པོ་བཞུགས།

ཡ་ཨ་ལ། དཔོན་ལུ་ཡག་མོ་བཞུགས།

ཕྱི་ལ། ཡག་ལས་མི་སེར་སྟོང་གིས་སྐོར།

ཡ་ཨ་ལ། མི་སེར་སྟོང་གིས་སྐོར།

ལ་བདེ་ལུང་བདེ་ལུང་པ་ཡག་མོ་བདེ།

ཡ་ཨ་ལ།ལུང་པ་བདེ་ས་གྲོང་ཆེན་ཁྲ་མོ་ཆགས།

ཡ་ཨ་ལ། གྲོང་ཆེན་ཁྲ་མོ་ཆགས།

གྲོང་ཆེན་ཁྲ་མོ་ཕྱི་ཡག་ནང་ཡག་རེད།

ནང་ལ་ཡག་ལས་ཕ་མ་བཟང་པོ་བཞུགས།

ཡ་ཨ་ལ། ཕ་མ་བཟང་པོ་བཞུགས།

ཕྱི་ལ་ཡག་ལས་ཨ་བཟའ་སྟོང་གིས་སྐོར།

ཡ་ཨ་ལ། ཨ་བཟའ་སྟོང་གིས་སྐོར།

ཞབས་ལ་བྱང་པའི་བྲོ་ར་བདེ་མོ་ཤོག།

ཡ་ཨ་ལ། བྲོ་ར་བདེ་མོ་ཤོག།

༤ བྲོ་རའི་བྲོ།

ཞེ་བ་པོ་ཤོ་བདེ་མོ་བདེ་ལེ་མོ་འདྲ་ཤོག།

བདེ་ལེ་མོ་འདྲ་ཤོག།

མགྲོན་པོ་མེ་ཏོག་ཁྲ་ལེ་མོ་འདྲ་ལ་ཤོག།

ཁྲ་ལེ་མོ་འདྲ་ལ་ཤོག།

ཞབས་བྲོ་ལ་ཆེད་འགྲོ་ཆེད་ལས་ལ་འགྲོ་པ་ཤོག།

ཆེད་ལས་ལ་འགྲོ་པ་ཤོག།

གསེར་ཕྱོགས་ལུང་པའི་ཕུག་ན།

གསེར་སྣ་རི་ཡི་བང་མཛོད།

གསེར་སྣ་རི་ཡི་བང་མཛོད།

བླ་མའི་མ་བྱན་བང་མཛོད།

བླ་མའི་མ་བྱན་བང་མཛོད།

བཀྲ་ཤིས་བསོད་ནམས་ཁ་དར།

བཀྲ་ཤིས་བསོད་ནམས་ཁ་དར།

འདུག་བའི་གཡང་རྟེན་བཞག་ཡོད།

དངུལ་ཕྱོགས་ལུང་པའི་ཕུག་ན།

དངུལ་སྣ་རི་ཡི་བང་མཛོད།

དངུལ་སྣ་རི་ཡི་བང་མཛོད་དཔོན།

དཔོན་ལུ་མ་བྱན་བང་མཛོད།

དཔོན་ལུ་མ་བྱན་བང་མཛོད།

བཀྲ་ཤིས་བསོད་ནམས་ཁ་དར།

བཀྲ་ཤིས་བསོད་ནམས་ཁ་དར།

འདུག་པའི་གཡང་རྟེན་བཞག་ཡོད།

དུང་ཕྱོགས་ལུང་པའི་ཕུག་ན།

དུང་སྣ་རི་ཡི་བང་མཛོད།

དུང་སྣ་རི་ཡི་བང་མཛོད།

ཕ་མའི་མ་བྱན་བང་མཛོད།

ཕ་མའི་མ་བྱན་བང་མཛོད།

བཀྲ་ཤིས་བསོད་ནམས་ཁ་དར།

བཀྲ་ཤིས་བསོད་ནམས་ཁ་དར།

འདུག་པའི་གཡང་རྟེན་བཞག་ཡོད།

ཞབས་ལ་བྱང་པའི་བྲོ་ར་བདེ་མོ་ཤོག།

བྲོ་ར་བདེ་མོ་ཤོག།

༥ སོ་ལ་ཡེ།

ཞེ་བ་པོ་ཤོས་ཚོ་ནི་བདེ་ལེགས་མོ་འདྲ་ཞོགས།

ཡོ་ལ། བདེ་ལེགས་མོ་འདྲ་ཞོགས།

སོ་ལ་ཡེ། གསེར་གྱི་བུམ་པ་ཚོ་ནི་

གསེར་མདོག་ཡག་དང་གཅིག

ཡོ་ལ་གསེར་མདོག་ཡག་དང་གཅིག

སོ་ལ་ཡེ།སེང་གེ་འོ་མ་ཚོ་ནི་ནང་

རྫས་ཡག་དང་གཉིས།

ཡོ་ལ་ནང་རྫས་ཡག་དང་གཉིས།

སོ་ལ་ཡེ། རྒྱ་གར་རྨ་སྒྲོ་ཚོ་ནི་ཁ་རྒྱན་ཡག་

དང་གསུམ།

སོ་ལ་ཁ་རྒྱན་ཡག་དང་གསུམ།

སོ་ལ་ཡེ། འཛོམས་ས་ཡག་མོ་ཚོ་བླ་མའི་

ཕྱག་ལ་འཛོམས།

ཡོ་ལ་བླ་མ་ནང་འཛོམས།

སོ་ལ་ཡེ། ཝ་ཀེ་པོ་ལོ་ཚོ་གྲ་ཁ་ཡག་དང་གཅིག

ཡོ་ལ་གྲ་ཁ་ཡག་དང་གཅིག

སོ་ལ། ཐང་སྣམ་དམར་པོ་ཞ་གཡོག་

ཡག་དང་གཉིས།

ཡོ་ལ་ཞ་གཡོག་ཡག་དང་གཉིས།

སོ་ལ་ཡེ། སྟོང་སྐུད་དམར་པོ་ཚོ་ནི་ཚར་

ལོ་ཡག་དང་གསུམ།

ཡོ་ལ་ཚར་ལོ་ཡག་དང་གསུམ།

སོ་ལ་ཡེ། འཛོམ་ས་ཡག་མོ་ཚོ་ནི་དཔོན་

ལུའི་མགོ་ལ་འཛོམས།

ཡོ་ལ་དཔོན་ལུའི་མགོ་ལ་འཛོམས།

སོ་ལ་ཡེ། ཚར་རུ་ཨ་ལུང་བལ་རྒྱུ་འཇམ་དང་གཅིག

ཡོ་ལ་བལ་རྒྱུ་འཇམ་དང་གཅིག

སོ་ལ་ཡེ། གོས་ཆེན་དམར་པོ་ཚར་ལོ་ཡག་དང་གཉིས།

ཡོ་ལ་ཚར་ལོ་ཡག་དང་གཉིས།

༦ གསེར་ཕྱོགས་ལུང་པའི་ཕུག།

གསེར་ཤོས་ལུང་པའི་ཕུག་ལ།།

གསེར་ཁྲི་མཐོན་པོ་བཞེངས་ཡོད།

གསེར་ཁྲི་མཐོན་པོའི་ཐོག་ལ།།

བླ་མ་བཟང་པོ་བཞུགས་ཡོད།།

བླ་མ་བཟང་པོ་བཞུགས་ནས།།

ཆོས་ཀྱི་བསྟན་པ་དར་ཡོད།།

དངུལ་ཕྱོགས་ལུང་པའི་ཕུག་ལ།།

དངུལ་ཁྲི་མཐོན་པོ་བཞེངས་ཡོད།།

དངུལ་ཁྲི་མཐོན་པོའི་ཐོག་ལ།།

དཔོན་པོ་བཟང་པོ་བཞུགས་ཡོད།།

དཔོན་པོ་བཟང་པོ་བཞུགས་ནས།།

ཁྲིམས་ཀྱི་བསྟན་པ་དར་ཡོད།

དུང་ཕྱོགས་ལུང་པའི་ཕུག་ལ།།

དུང་ཁྲི་མཐོན་པོ་བཞེངས་ཡོད།།

དུང་ཁྲི་མཐོན་པོའི་ཐོག་ལ།།

ཕ་མ་བཟང་པོ་བཞུགས་ཡོད།

ཕ་མ་བཟང་པོ་བཞུགས་ནས།།

བྲོ་ཡི་བསྟན་པ་དར་ཡོད།།

༧ གླིང་རྗེ་གེ་སར་རྒྱལ་པོ།

གླིང་རྗེ་གེ་སར་རྒྱལ་པོ།

ས་ཕྱོགས་གང་ནས་ཡུལ་ལ་

འཁྲུངས་ཡོད་ཟེར་ཤས་ཡོད།

ས་ཕྱོགས་གང་ནས་ཡུལ་ལ་འཁྲུངས་ཡོད།

ཟངས་མདོག་དཔལ་རིའི་ཡུལ་ལ་

འཁྲུངས་ཡོད་ཟེར་ཤས་ཡོད།

འདོ་བ་ལྷ་རྟ་རྐྱང་ལུ།

ས་ཕྱོགས་གང་ནས་ཡུལ་ལ་འཁྲུངས་

ཡོད་ཟེར་ཤས་ཡོད།

ས་ཕྱོགས་གང་ནས་ཡུལ་ལ་འཁྲུངས་ཡོད།

ཤར་གྱི་ལུང་པའི་ཡུལ་ནས་འཁྲུངས་

ཡོད་ཟེར་ཤས་ཡོད།

གསེར་སྒ་ཉི་མ་རང་ཤར །

ས་ཕྱོགས་གང་ནས་ཡུལ་ནས་བརྡུངས་

ཡོད་ཟེར་ཤས་ཡོད།

ས་ཕྱོགས་གང་ནས་བརྡུངས་ཡོད།

མགར་ར་ཆོས་དར་ཡུལ་ནས་བརྡུངས་

ཡོད་ཟེར་ཤས་ཡོད།

༨ མགྲོན་པོ་མེ་ཏོག།

མགྲོན་པོ་མེ་ཏོག་ཁྲ་ལེ་མོ།།

ཁྲ་ལེ་མོ་བཀྲ་ལ་ཤོག།

གཞས་འགྲོ་འཆམ་འགྲོ། འཆམ་ལེགས་འགྲོ།།

འཆམ་ལེགས་མགྲོན་འབོད་ལ་ཤོག།

ཞ་སེར་ཆོས་གོས་ཤམ་ཐབས་གསུམ།།

ཚོན་ཁ་མི་གཅིག་ཁ་ཁ་རེད།།

འཛོམས་ས་བླ་མའི་ལུས་ལ་འཛོམས།།

སྐྱེས་ས་མི་གཅིག་ཁ་ཁ་རེད།།

འཛོམས་ས་ཨ་སྔོན་དགུང་ལ་འཛོམས།།

གསེར་གའུ་དངུལ་གའུ་དུང་གའུ་གསུམ།།

མགར་ཁང་མི་གཅིག་ཁ་ཁ་རེད།།

འཛོམས་ས་ཨ་བཟའི་ལུས་ལ་འཛོམས།།

གཞས་ལེགས་གཞས་འབོད་བྲོ་ར་བདེ།།

བྲོ་ར་བདེ་མོ་ལ་ཤོག།

༩ མི་ཉག་ཤར་གཅིག་ཤར་གཉིས།

མི་ཉག་ཤར་གཅིག་ཤར་གཉིས།།

ཕོ་བྲང་ལ་ཡི་ལ་མགོ།།

རབ་གསལ་གསེར་གྱི་པ་ཏྲ།།

གསེར་གྱི་གཡག་གླིང(རྒྱ་གླིང)བུས་བྱུང་།།

གསེར་གྱི་རྒྱ་གླིང་མ་རེད།།

བླ་མ་བཟང་པོའི་གསུང་སྐད།།

མི་ཉག་ཤར་གཅིག་ཤར་གཉིས།།

ཕོ་བྲང་ལ་ཡི་ལ་རྐེད།།

རབ་གསལ་དངུལ་གྱི་པ་ཏྲ།།

དངུལ་གྱི་རྒྱ་གླིང་བུས་བྱུང་།།

དངུལ་གྱི་རྒྱ་གླིང་མ་རེད།།

དཔོན་བློན་བཟང་པོའི་གསུང་སྐད།།

མི་ཉག་ཤར་གཅིག་ཤར་གཉིས།།

ཕོ་བྲང་ལ་ཡི་ལ་འདབས།།

རབ་གསལ་གཡུ་ཡི་པ་ཏྲ།།

གཡུ་ཡི་གཡག་གླིང(རྒྱ་གླིང)བུས་བྱུང་།།

གཡུ་ཡི་རྒྱ་གླིང་མ་རེད།།

ཕ་མ་བཟང་པོའི་གསུང་སྐད།།

༡༠ རབ་གསལ་གོང་མ་བར་མ་འགབ་མ་གསུམ།

སོ་ཡ་ལ་སོ། རབ་གསལ་གོང་མ་བར་མ་

འགབ་མ་གསུམ།

ཨ་ལ། རབ་གསལ་གོང་མ་བླ་མའི་

གཟིམ་ཆུང་རེད།

སོ་ཡ་ལ་སོ། བླ་མ་བཟང་པོ་དགུང་

ལོ་ཆུང་ཆུང་རེད།

ཨ་ལ། ཆོས་ཀྱི་བསྟན་པ་དེའི་ནང་ཡག་མོ་དར།

སོ་ཡ་ལ་སོ། རབ་གསལ་གོང་མ་བར་མ་

འགབ་མ་གསུམ།

ཨ་ལ། རབ་གསལ་བར་མ་དཔོན་

ལུའི་གཟིམ་ཆུང་རེད།

སོ་ཡ་ལ་སོ། དཔོན་ལུ་བཟང་པོ་

དགུང་ལོ་ཆུང་ཆུང་རེད།

ཨ་ལ། ཁྲིམས་ཀྱི་བསྟན་པ་དེའི་ནང་ཡག་མོ་དར།

སོ་ཡ་ལ་སོ། རབ་གསལ་གོང་མ་བར་

མ་འགབ་མ་གསུམ།

ཨ་ལ། རབ་གསལ་འགབ་མ་ཕ་མའི་

གཟིམ་ཆུང་རེད།

སོ་ཡ་ལ་སོ། ཕ་མ་བཟང་པོ་དགུང་ལོ་

ཆུང་ཆུང་རེད།

ཨ་ལ། བྲོ་ཡི་བསྟན་པ་དེའི་ནང་ཡག་མོ་དར།

༡༡ མེ་ཏོག་སེར་དཀར་སྔོན་གསུམ།

༡ ) ལྷ་སའི་པོ་ཏ་རྩེ་ལ།།

མེ་ཏོག་སེར་པོ་འཁྲུངས་ཡོད།།

མེ་ཏོག་སེར་པོ་འཁྲུངས་ནས།།

རིན་ཆེན་ལྷ་ལ་ཕུལ་ཡོད།།

རིན་ཆེན་ལྷ་ལ་ཕུལ་ནས་།།

མར་ལ་དངོས་གྲུབ་གནང་ཡོད།

༢ )ལྷ་སའི་པོ་ཏ་རྩེ་ལ།།

མེ་ཏོག་དཀར་པོ་འཁྲུངས་ཡོད།།

མེ་ཏོག་དཀར་པོ་འཁྲུངས་ནས།།

རིན་ཆེན་ལྷ་ལ་ཕུལ་ཡོད།

རིན་ཆེན་ལྷ་ལ་ཕུལ་ནས་།།

མར་ལ་དངོས་གྲུབ་གནང་ཡོད།།

༣ )ལྷ་སའི་པོ་ཏ་རྩེ་ལ།།

མེ་ཏོག་སྔོན་པོ་འཁྲུངས་ཡོད།།

མེ་ཏོག་སྔོན་པོ་འཁྲུངས་ནས།།

རིན་ཆེན་ལྷ་ལ་ཕུལ་ཡོད།།

རིན་ཆེན་ལྷ་ལ་ཕུལ་ནས།།

མར་ལ་དངོས་གྲུབ་གནང་ཡོད།།

༡༢ ཁ་བ་གངས་རིའི་ཉིན་ལ།

སོ་ཡ་ལེ། ཁ་བ་གངས་རིའི་ཉིན་ལ།།

ཨོ་ལ། དེའི་ནང་སེང་གེ་འཁོར།།

སོ་ཡ་ལེ། སེང་གེ་གཡས་རལ་གཡོན་རལ།།

ཨོ་ལ། དེའི་ནང་མ་འཛོམས་པ་མེད།།

སོ་ཡ་ལེ། བྲག་ཐོག་ཤུག་པ་པའི་ནང་ལ།།

ཨོ་ལ། དེའི་ནང་ཁུ་བྱུག་འཁོར།།

སོ་ཡ་ལེ། ཁུ་བྱུག་གསུང་སྐད་ཡག་ལེ།།

ཨོ་ལ། དེའི་ནང་མ་འཛོམས་པ་མེད།།

སོ་ཡ་ལེ། གཙང་ཆུ་དབུས་ཆུ་གཉིས་ལ།།

ཨོ་ལ། དེའི་ནང་གསེར་ཉ་འཁོར།།

སོ་ཡ་ལེ། གསེར་ཉ་གསེར་གཤོག་ཡག་ལེ།།

ཨོ་ལ། དེའི་ནང་མ་འཛོམས་པ་མེད།།

༡༣ ལྷ་སའི་པོ་ཏ་རྩེ་ལ།

ལྷ་སའི་སྤང་ཐང་འགོ་ལ།།

མེ་ཏོག་སེར་པོ་འཁྲུངས་ཡོད།།

རིན་ཆེན་ལྷ་ལ་ཕུལ་ཡོད།།

མར་ལ་ཆོས་ཆེན་པོ་གནང་།།

ལྷ་སའི་སྤང་ཐང་དཀྱིལ་ལ།།

མེ་ཏོག་དཀར་པོ་འཁྲུངས་ཡོད།།

དཔོན་པོ་ཆེན་པོར་ཕུལ་བས།།

མར་ལ་ཁྲིམས་ཆེན་པོ་གནང་།།

ལྷ་སའི་སྤང་ཐང་མདུན་ལ།།

མེ་ཏོག་སྔོན་པོ་འཁྲུངས་ཡོད།།

ཕ་མ་བཟང་པོར་ཕུལ་བས།།

མར་ལ་བྲོ་ཆེན་པོ་གནང་།།

༡༤ གསེར་གྱི་ཉི་མ།

ཞེ་བ་པོ་ཤོ་བདེ་མོ།།

བདེ་ལེགས་མོ་འདྲ་ཞོ།།

ལྷ་སའི་པོ་ཏ་རྩེ་ལ།།

གསེར་གྱི་ཉི་མ་ཤར་ཡོད།།

གསེར་གྱི་ཉི་མ་མ་རེད།།

བླ་མའི་ཞལ་ངོ་རེད།།

ལྷ་སའི་པོ་ཏ་རྩེ་ལ།།

དངུལ་གྱི་ལྗགས་གླིང་བུས་ཡོད།།

དངུལ་གྱི་ལྗགས་གླིང་མ་རེད།།

བླ་མ་ཡི་གསུང་སྐད་རེད།།

ལྷ་སའི་པོ་ཏ་རྩེ་ལ།།

སྟོང་གི་བུམ་པ་བཞག་ཡོད།།

སྟོང་གི་བུམ་པ་མ་རེད།།

བླ་བའི་ཕྱག་རྒྱ་རེད།།

ཞབས་ལ་བཞགས་པའི་བྲོ་ར།།

བྲོ་ར་བདེ་མོ་བཞག་ཡོད།།

༡༥ ཡ་རི་ལུང་པའི་ཕུག་ན།

ཡ་རི་ལུང་པའི་ཕུག་ན།།

ཤིང་དེ་ཙན་དན་འཁྲུངས་ཡོད།།

ཤིང་དེ་ཙན་དན་འགོ་ལ།།

བྱ་དེ་རྨ་བྱ་བབས་ཡོད།།

ཡལ་ག་ཡ་ལོ་མ་ལོ།།

ཡ་རི་ལུང་པའི་རྐེད་ལ།།

ཤིང་དེ་ཤུག་པ་འཁྲུངས་ཡོད།།

ཤིང་དེ་ཤུག་པའི་འགོ་ལ།།

བྱ་དེ་ཐང་དཀར་བབས་ཡོད།།

ཡལ་ག་ཡ་ལོ་མ་ལོ།།

ཡ་རི་ལུང་པའི་འདབ་ལ།།

ཤིང་དེ་ལྕང་མ་འཁྲུངས་ཡོད།།

ཤིང་དེ་ལྕང་མ་འགོ་ལ།།

བྱ་དེ་ཁུ་བྱུག་བབས་ཡོད།།

ཡལ་ག་ཡ་ལོ་མ་ལོ།།

༡༦ སྟོད་བདེ་དགོན་ཆེན་གསུམ།

སྟོད་བདེ་དགོན་ཆེན་ཆེན་པོ།།

སྨད་བདེ(ཡ་སེ)དགོན་ཆུང་ཆགས།།

དགོན་ཆེན་དགོན་ཆུང་བར་ལ།།

གསེར་གྱི(ཡ་སེ)མཎྡལ་འབུལ།།

གསེར་གྱི་མཎྡལ་འབུལ་ལ།།

འདུག་བའི་གཡང་རྟེན་ཞོག།

སྟོད་བདེ་རྫོང་ཆེན་ཆེན་པོ།།

སྨད་བདེ་(ཡ་སེ་)རྫོང་ཆུང་ཆགས།།

རྫོང་ཆེན་རྫོང་ཆུང་བར་ལ།།

དངུལ་གྱི(ཡ་སེ) མཎྡལ་འབུལ།།

དངུལ་གྱི་མཎྡལ་འབུལ་ལ།།

འདུག་བའི་གཡང་རྟེན་ཞོག།

སྟོད་བདེ་གྲོང་ཆེན་ཆེན་པོ།།

སྨད་བདེ(ཡ་སེ) གྲོང་ཆུང་ཆགས།།

གྲོང་ཆེན་གྲོང་ཆུང་བར་ལ།།

གཡུ་ཡི་མཎྜལ་འབུལ།།

གཡུ་ཡི་མཎྡལ་འབུལ་ལ།།

འདུག་བའི་གཡང་རྟེན་ཞོག།

༼ རྟའུ་ཐུབ་བསྟན་ཉི་མས་བྲིས།༽