ལྷད་མེད་བརྩེ་བའི་མེ་ཏོག་ཡིད་མཁར་བཞད་དེ།།
འཛུམ་མདངས་སྐར་མ་འདྲ་བའི་ཤེལ་གྱི་མུ་ཏིག།
གང་གིས་རྟོགས་ན་མི་མཛའ་མེད་པ་དེ་ཡང་།།
བདག་ཡིད་ཝ་ལེར་འཁོར་བའི་ཁྱེད་ཉིད་ལེགས་སོ།།
ལང་ཚོའི་གཞོན་ཤ་རྒྱས་པའི་ཁྱེད་ཀྱི་སྐུ་ལུས།།
སྐྲ་ལོ་འཇམ་མོའི་རྒྱན་དེ་ལྷག་པར་མཛེས་སོང་།།
སྒྱུ་འཕྲུལ་གར་ལ་རྩེན་པའི་མྱོས་བུམ་དེ་ཡིས།།
རབ་ཏུ་བཟི་བས་ཁྱེད་ལ་ཐེངས་ཤིག་འཁྱུད་འདོད།།
སྐེད་པ་ཕྲ་བ་སྨྱུག་མའི་གྲོགས་ལ་རྒྱུ་བའི།།
འཇམ་ཤར་རེག་པའི་བདེན་པ་མྱོང་ན་བསམས་ཏེ།།
ལོ་ཟླ་ཅི་ཙམ་སྒུག་ལ་འཚེར་སྣང་བྲལ་བའི།།
པདྨའི་མེ་ཏོག་ཁྱེད་ནི་ལྷ་ཞིག་ཡིན་ནམ།།
སྙིང་གི་མེ་ཏོག་ཁྱེད་ནི་མཁའ་འགྲོ་མིན་ཡང་།།
སེམས་ཀྱི་བརྩེ་གླུ་ལེན་པའི་དབྱངས་རྟ་ཡིན་འགྲོ།།
ཟང་ཟིང་འཇིག་རྟེན་འཁོར་བའི་གཞིས་ཀ་འདི་རུ།།
ཁྱེད་ཉིད་ཡོད་ན་གཞན་པ་ཅི་ཡང་མི་དགོས།།
༼ འོ་ཟི། ༽