国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེར་ཤུལ་རྫོང་གི་ཚོང་དོན་འོས་སྦྱོར་གན་རྒྱ་འཇོག་པ་དང་རྨ་ཆུའི་འབབ་རྒྱུད་ཀྱི་གཟུགས་མེད་རིག་གནས་འཁྲབ་སྟོན་བྱེད་སྒོ་སྤེལ།

ཉེ་ཆར། སེར་ཤུལ་རྫོང་གི་ཚོང་དོན་འོས་སྦྱོར་གན་རྒྱ་འཇོག་པ་དང་རྨ་ཆུའི་འབབ་རྒྱུད་ཀྱི་གཟུགས་མེད་རིག་གནས་འཁྲབ་སྟོན་བྱེད་སྒོ་གཟབ་རྒྱས་ངང་འགོ་བཙུགས་པ་རེད།

འགོ་ཚུགས་མཛད་སྒོར་རིག་རྩལ་མཉམ་འདུས་འཁྲབ་སྟོན་ཏེ《རྩེ་མདའི་ན་གཞོན་སྐོར་བྲོ》འཁྲབ་པའི་ཁྲོད་ནས་དངོས་སུ་འགོ་ཚུགས། གླུ་དབྱངས《ངོ་མཚར་ཆེ་བའི་ཨ་རིག་རྫ》དང《རྡོ་ལེབ་ཐོག་གི་སྒྲ་རྟགས》《ཁྲོན་ནུབ་བོད་རིགས་ཀྱི་ལ་གླུ》《བདེ་སྐྱིད་ཀྱི་ཕ་ཡུལ》《མེ་ཏོག་བཞད་པའི་ས་ཆ》སོགས་ཀྱིས་སེར་ཤུལ་བུ་ཕྲུག་ཚོའི་བདེ་སྐྱིད་ཀྱི་འཚོ་བ་གསར་པར་དྲིན་ཚོར་གྱི་བསམ་འདུན་མངོན་པ་རེད། ས་གནས་དེ་ཡི་གཞོན་ནུ་ཚོའི་གླུ་དབྱངས《སྤྲིན་རྩེ་ཕ་ཡུལ》《ཕ་ཡུལ》སོགས་ཀྱིས་ལང་ཚོའི་གསོན་ཤུགས་མངོན་པ་དང་ལྟད་མོ་བ་ཚོའི་སྤྲོ་སེམས་སྐད་ཅིག་ཉིད་དུ་འཕྱུར། ཞབས་བྲོ《འབྲོག་ཁུལ་གྱི་སྐོར་བྲོ》དང《འདན་མའི་སྐོར་བྲོ》《རྩེ་མདའི་སྐོར་བྲོ》བཅས་ལ་ལྟད་མོ་བ་ཚོའི་དགའ་བསུ་ཐོབ།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་སྤེལ་དོན་ནི་རྫ་ཆུ་ཁའི་ཕུན་སུམ་ཚོགས་པའི་རྩྭ་ཐང་རིག་གནས་བརྒྱུད་འཛིན་དང་དར་སྤེལ་གཏང་ཆེད་ཡིན་པར་མ་ཟད། ཞིང་འབྲོག་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་མཉམ་འཛོམས་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བའི་དྲིན་ཚོར་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་ཐུན་མོང་ཐོག་བསྐྲུན་ཆེད་ཡིན་པ་རེད། འབྱུང་འགྱུར་སེར་ཤུལ་རྫོང་གིས་རིག་གནས་འགྲེམས་སྟོན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས། ཁྱད་ལྡན་མི་རིགས་རིག་གནས། མཛེས་ལྗོངས་བཅས་འགྲེམས་སྟོན་གྱི་སྒེའུ་ཁུང་ལྟ་བུ་ཞིག་ཏུ་བསྒྱུར་ནས་མི་དེ་བས་མང་པོས་སེར་ཤུལ་ལ་ཤེས་རྟོགས་དང་སེར་ཤུལ་ལ་བསྐྱོད་ཐུབ་པར་བྱ་རྒྱུ་རེད་དོ།།

(བློ་བཟང་དབང་ཕྱུག་གིས་བྲིས་ཤིང་པར་བླངས།)