སྤྱི་ཟླ8པའི་ཚེས3ཉིན་གྱི་ནམ་གུང་ལ། དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་གྱི་ས་ཁོངས་སུ་གློ་བུར་དུ་རི་ཉིལ་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཐོན། ཚེས5ཉིན་གྱི་ཆུ་ཚོད14བར་གནོད་འཚེ་ལས་མི10རྐྱེན་ལམ་དུ་ཤོར་བ་དང་མི17ལ་འབྲེལ་བ་ཆད་པ་རེད། དེའི་ནང་རླངས་འཁོར4ཟམ་འོག་ཏུ་ལྷུང་བའི་ཁྲོད་ཁྱོན་མི11ཡོད། མི1བདེ་བླག་ངང་སྐྱོབ་ཐུབ་པ་དང་། མི3རྐྱེན་ལམ་དུ་ཤོར། མི7ལ་འབྲེལ་བ་ཆད་པ་རེད། རི་བརྒལ་གྲོང་ཚོའི་མི7རྐྱེན་ལམ་དུ་ཤོར་བ་དང་མི10ལ་འབྲེལ་བ་ཆད་པ་རེད། དཀར་མཛེས་ཁུལ་གྱི་འཚུབ་བསྟུན་དང་མེ་གསོད་རུ་ཁག། སྤྱི་བདེ་ལས་ཁུངས་སོགས་ཀྱིས་སྟོབས་ཤུགས་གཅིག་གྱུར་གྱིས་འཚོལ་སྐྱོབ་མི་སྣ1698པ་དང་འཕྲུལ་ཆས400ལྷག་བཀོད་སྒྲིག་བྱས་ནས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱས།
ཁུལ་དང་གྲོང་ཁྱེར་གྱིས་གནས་སྤོ་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཤིང་། གནས་སྐབས་བཀོད་སྒྲིག་བྱ་ཡུལ་གྱི་དངོས་ཟོག་འགན་སྲུང་དང་སྨན་བཅོས་ཞབས་ཞུ་ལ་ཤུགས་བརྒྱབ་སྟེ་གནོད་ཐེབས་མང་ཚོགས་ལ་སེམས་ཁམས་ཁྲིད་སྟོན་དང་། འབྲེལ་ཡོད་སྡེ་ཚན་གྱིས་གནོད་ཐེབས་མང་ཚོགས་གཅིག་སྡུད་བཀོད་སྒྲིག་བྱས།
འཕྲོད་བསྟེན་རིམས་འགོག་སྡེ་ཚན་གྱིས་གནོད་ཐེབས་ཡུལ་དུ་འགོ་ནད་འགོག་ཟོན་དང་ཁོར་ཡུག་གཙང་སེལ། འཚོ་བའི་འཐུང་ཆུར་ལྟ་ཞིབ་ཚད་ལེན་བྱས། གནས་སྐབས་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས863ལ་འགོ་ནད་ལྟ་ཞིབ་ཚད་ལེན་བྱས་པ་ཚང་མ་རྒྱུན་ལྡན་ཡིན་ལ། གནོད་ཐེབས་ཡུལ་དངོས་ཀྱི་འཕྲོད་བསྟེན་རིམས་འགོག་གཙང་སེལ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི1.73ལ་ཟིན་ཡོད།
འགྲིམ་འགྲུལ་དང་གློག་ཤུགས། འཕྲིན་གཏོང་སྡེ་ཚན་སོགས་ཀྱིས་མྱུར་དུ་རྒྱལ་ལམ318ཀྱི་གནོད་ཐེབས་ལམ་དུམ་ལ་ལམ་ངོས་རྒྱ་ཆེར་དང་ཁོད་སྙོམས་སོགས་བྱས་ཏེ་འགྲོ་ལམ་བདེ་པོར་བཟོས་ཤིང་། འགྲིམ་འགྲུལ་ལམ་རྒྱུད་དང་གནོད་ཐེབས་ས་ཁོངས་ཀྱི་འཕྲིན་གཏོང་འགན་ལེན་བྱས་པ་རེད། མྱུར་སྐྱོབ་མི་སྣ75དང་རླངས་འཁོར42 གློག་གཏོང་རླངས་འཁོར3 གློག་འདོན་འཕྲུལ་འཁོར11 གློག་སྒྲོན་སྒྲོན་ལྕོག8བཅས་བཀོད་སྒྲིག་བྱས་ནས་ཉེན་ཁ་མྱུར་སྐྱོབ་བྱ་ཡུལ་དུ་གློག་མཁོ་འདོན་འགན་ལེན་བྱས།
མིག་སྔར་དཀར་མཛེས་ཁུལ་གྱིས་ཉེན་སེལ་རོགས་སྐྱོབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་གནོད་ཐེབས་ས་ཁོངས་ཀྱི་འཚོ་བའི་བཀོད་སྒྲིག་ལེགས་ཤིང་གོ་རིམ་ལྡན་པར་གྱུར་ཡོད།
དར་མདོ་གུར་དྲག“8·03”འདམ་རྡོའི་ཆུ་རུད་ཆེན་པོའི་གནོད་འཚེ་ལ་ཁ་གཏད་གཅོག་པའི་བཀོད་འདོམས་པུའུ་ནས།