མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་ནས་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོག་པ་དང་། ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱས་ནས་གནོད་ཐེབས་མང་ཚོགས་བཀོད་སྒྲིག་འགན་ལེན་ལས་ཀ་ཡག་མོ་བསྒྲུབ་དགོས།
( པར་ངོས་དང་པོར་མཐུད།)
ཡུལ་དངོས་སུ་གུར་དྲག་གྲོང་རྡལ་རི་བརྒལ་གྲོང་སྡེ་དང་ཟམ་པ་རྡིབ་སའི་ཡུལ་དངོས་སུ་མང་ཚོགས་ཀྱི་སྡོད་ཁང་དང་འགྲིམ་འགྲུལ་གཏོར་བཤིག་ཐེབས་ཚུལ། གཞུང་ལམ་མྱུར་ལས་བྱས་ཚུལ་ལ་ལྟ་ཞིབ་དང་དར་མདོ་སྨན་ཁང་གཉིས་པ་དང་གུར་དྲག་བཀོད་འཇོག་སར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་གནོད་ཐེབས་མང་ཚོགས་ལ་ཐུགས་ཁུར་དང་དོ་ཁུར་བྱེད་ལུགས་བརྒྱུད་བསྒྲགས་གནང་། ཚང་མས་ཉེན་མེད་ལ་དོ་སྣང་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱོབ་པ། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བཅས་བྱས་ཏེ་གྱོང་གུན་ཆུང་དུ་གཏང་དགོས་པའི་ཐུགས་རེ་གནང་བ་རེད།
ཚོགས་འདུར་མིག་སྔར་ཉེན་སེལ་རོགས་སྐྱོབ་ལས་དོན་དེ་འགག་རྩའི་དུས་སུ་སླེབས་ཡོད་པས་རིམ་པ་དང་སྡེ་ཚན་ཁག་གིས་བསྟུད་མར་འབད་འཐབ་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་ནས་ཆུ་ཚོད72རིང་གར་སོང་ཆ་མེད་དུ་གྱུར་པའི་མི་ཤུགས་ཡོད་རྒུས་ཚགས་བཤེར་དང་འཚོལ་སྐྱོབ་བྱས་ཏེ་མི་སྣ་ཤི་རྨས་བྱུང་ཚད་ཆུང་དུ་གཏོང་གང་ཐུབ་བྱ་དགོས་ཞེས་བསྟན་པ་རེད།
ཚོགས་འདུར་ཁུལ་ཡོངས་སུ་འབྲུབ་འགོག་གི་སྤྱི་ཟླ་བདུན་པའི་སྨད་དང་བརྒྱད་པའི་སྟོད་ཀྱི་འགག་རྩའི་དུས་སུ་སླེབས་ཡོད་པ་དང་འབྱུང་འགྱུར་ཉིན་ཤས་ནང་སྔོན་དཔག་བྱས་ན་ད་དུང་ཆར་པ་དྲག་པོ་འབབ་རྒྱུ་རེད། ཉེན་སེལ་རོགས་སྐྱོབ་ཀྱི་ལས་འགན་སྔར་བཞིན་རྙོག་འཛིང་ཆེ་ཞིང་ལྕི་བ་ཡིན་པས། ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་སོ་སོས་ཆུ་འབྲུབ་དུས་ཀྱི་ཉེན་མེད་དོགས་ཟོན་ལས་དོན་ཡག་པོ་སྒྲུབ་པའི་རང་བཞིན་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏང་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་རིགས་ཁག་གི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་ཚགས་བཤེར་བྱས་ནས་མི་སྣ་ཤི་རྨས་བྱུང་བའི་དོན་རྐྱེན་སླར་ཡང་མི་ཐོན་པ་མཐའ་གཅིག་ཏུ་བྱ་དགོས་པའི་བླང་བྱ་བཏོན་པ་རེད། འགྲིམ་འགྲུལ་དང་གློག་ཤུགས། འཕྲིན་གཏོང་སོགས་གཏོར་སྐྱོན་ཐེབས་པའི་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་དམ་འཛིན་བྱེད་པ་དང་། རྒྱལ་ལམ318ཀྱི་འཚུབ་བསྟུན་བགྲོད་ལམ་སྔ་ཙམ་བཟོ་ཐུབ་ནས་འགྲིམ་འགྲུལ་སྒྲིག་ལམ་རྒྱུན་གཏན་སླར་གསོ་གང་མགྱོགས་ཡོང་བ་བྱ་དགོས། གནོད་འཚེ་བཟོ་བ་དང་རོགས་སྐྱོབ། སླར་གསོ་བསྐྱར་སྐྲུན་སོགས་དབང་གྲགས་ཆ་འཕྲིན་དུས་ཐོག་ཏུ་བསྒྲགས་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་བསློག་དགོས། ཏང་སྲིད་ཀྱི་འགན་འཁྲི་མཉམ་ཁུར་དང་ལས་གནས་གཅིག་གི་འགན་འཁྲི་གཉིས། ཁོངས་གཏོགས་ཀྱི་དོ་དམ་གྱི་འགན་འཁྲི་བཅས་དོན་འཁྱོལ་ནན་པོ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་མི་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་ཡག་པོ་བཏོན་ཏེ་གནོད་འགོག་གནོད་བསྙུང་གནོད་སྐྱོབ་ལས་དོན་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་དམ་འཛིན་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།
དར་མདོ་གུར་དྲག“8·03”གྱི་ཆུ་ལོག་གནོད་འཚེ་ལ་ཁ་གཏད་གཅོག་པའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་མགོ་དཔོན་གཞོན་པ་དང་ཁོངས་མི། བཀོད་འདོམས་པུའུ་ཡི་ཁོངས་མི་སྡེ་ཚན་ཁག་དང་ལས་དོན་ཚོ་ཆུང་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་པ་རེད།། ( ལྷ་འཛོམས་ཀྱིས་བསྒྱུར།)