国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་ནོར་སྲིད་ཕན་ནུས་གང་ལེགས་བཏོན་ཏེ་ གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བསྐུལ།

ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་ནོར་སྲིད་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ཏེ། ནོར་སྲིད་ཐོན་ཁུངས་གཅིག་གྱུར་བསྡུ་སྒྲིལ་བྱས་པ་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་ཆེན་པོར་བརྟེན་ནས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་བསྣན་ཡོད།

ལེགས་མཛེས་གྲོང་ཁྱེར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས། གྲོང་ཁྱེར་གསར་སྒྱུར་ལ་དམིགས་ནས་སྡོད་འཚམ་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས། 2024ལོའི་ལོ་སྟོད་དུ་ཁུལ་རིམ་པས་མ་དངུལ་སྒོར་ཁྲི40བཀོད་སྒྲིག་བྱས་ནས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་དང་། བཙོག་ཆུ། དེ་བཞིན་ཆུ་མཁོ་འདོན་སོགས་གྲོང་ཁྱེར་དོ་དམ་གྱི་སྒྲིག་བཀོད་འཁོར་སྐྱོད་ཞིབ་དཔྱད་ཚད་ལེན་དང་ལྟ་སྐུལ་དོ་དམ་སོགས་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཡོད། མིག་སྔའི་བར། ཁུལ་རིམ་པའི་ཆེད་དོན་མ་དངུལ་སྒོར་ཁྲི845གཅིག་གྱུར་བཀོད་སྒྲིག་བྱས་ནས་གྲོང་ཁྱེར་གསར་བསྒྱུར་དང་ཁྲོམ་ཁུལ་རྙིང་པ་སྒྱུར་བཀོད། མཛེས་ལྗོངས་དང་སྐྱེད་ཚལ་ལྗང་འགྱུར་འཛུགས་སྐྲུན་དོ་དམ། གསང་སྤྱོད་གསར་བརྗེ་བཅས་ཀྱི་ཆེད་དོན་གྲོན་སོང་བཏང་ཡོད།

ཡུལ་སྡེ་དར་རྒྱས་ཟབ་སར་སྤེལ་ཡོད། ཞིང་ལས་དང་གྲོང་གསེབ་ཀྱི་མ་འཇོག་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་སྤར་བ་དང་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། གྲོང་གསེབ་བརྟན་ལྷིང་ཡོང་བར་བསྐུལ་ཡོད། 2024ལོའི་ལོ་སྟོད་དུ་ཁུལ་ཡོངས་ཀྱི་ཞིང་ནགས་ཆུའི་མ་དངུལ་ལག་ལེན་བསྟར་ཚད་སྒོར་དུང་ཕྱུར34.23ལ་ཟིན་པ་དང་སྔར་ལོ་དང་བསྡུར་ན་བརྒྱ་ཆ2.2འཕར་ཡོད། གཙོ་བོ་ཡུལ་སྡེ་དར་རྒྱས་དཔེ་སྟོན་ཁུལ་དང་དེང་རབས་ཞིང་ལས་འཕེལ་རྒྱས། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ལ་རྒྱབ་སྐྱོར་བྱས་ཡོད། ནོར་སྲིད་དང་དངུལ་རྩ་ཟུང་སྦྲེལ་མཉམ་རུབ་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་གསར་དུ་བཏོད་པ་དང་། ཞིང་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་མ་ལག་འཐུས་ཚང་དུ་བཏང་སྟེ་རྫོང(གྲོང་ཁྱེར)ཚང་མར་ཞིང་ལས་འགན་འཁུར་སྤྱི་གཉེར་ཁང་ཡོངས་སུ་ཁྱབ་ཐུབ་པ་བྱུང་ཡོད། མིག་སྔའི་བར་འགན་ལེན་མ་དངུལ་སྒོར་དུང་ཕྱུར12ལྷག་ཡོད་པས་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ཉེན་ཁ་ཁ་ཐོར་ནུས་ལྡན་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་ཡོད།

སྐྱེ་ཁམས་ཁོར་ཡུག་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་འགན་སྲུང་བྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ནོར་ཁྲལ་སྲིད་ཇུས་ཀྱི་མཉམ་ཤུགས་འདོན་སྤེལ་གང་ལེགས་བྱས་ནས་མཛེས་སྡུག་ལྡན་པའི་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་སྐུལ་བར་ནོར་སྲིད་ཀྱི་འགན་སྲུང་ནུས་ལྡན་བྱས་ཡོད། ལོ་སྟོད་དུ་ཀྲུང་དབྱང་དང་ཞིང་ཆེན་གྱི་མ་དངུལ་སྒོར་དུང་ཕྱུར22.26བརྩོན་ལེན་བྱས་ནས་སྐྱེ་ཁམས་ཉམས་གསོ་དང་སྦགས་བཙོག་འགོག་བཅོས། འཕེལ་རྒྱས་གཞན་སྒྱུར་སོགས་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་སྲ་བརྟན་དང་མཐོ་རུ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དེ་བས་ལེགས་སུ་གཏོང་བ་ལས་ཇེ་སྡུག་འགྲོ་མི་རུང་བའི་མཐིལ་ཚད་དམ་པོར་བསྲུངས་ཡོད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)