རོལ་དབྱངས་ཤིག་གི་རིང་ཆ་ཙམ།།
འོ་ཇ་ཞིག་གི་མངར་སྐྱུར་ཙམ།།
དབྱར་དགུན་ཞིག་གི་དུས་ཡུན་ཙམ།།
འགྲོ་འདུག་ཅིག་གི་སྔ་ཕྱི་ཙམ།།
མི་ཚེ་ཟེར་ན་དེ་འདྲ་རེད།།
གཞོན་སེམས་ཟེར་ན་དེ་འདྲ་རེད།།
སྣང་བ་ཟེར་ན་དེ་འདྲ་རེད།།
སྐྱིད་སྡུག་ཟེར་ན་དེ་འདྲ་རེད།།
དེ་འདྲའི་ས་བོན་བཏབ་བཏབ་པས།།
ལས་ཉོན་ཚེ་རབས་ཀུན་ཏུ་རྒྱུ།།
རྩ་ཉོན་སེམས་ཀྱི་གཏིང་ལ་ཟུག།
ཁོང་ཁྲོ་རྒོད་མའི་མེ་དཔུང་ཡིན།།
འདོད་ཆགས་མུ་མེད་རྒྱ་མཚོ་ཡིན།།
གཏི་མུག་དུར་ཕག་ནག་པོ་ཡིན།།
ཚེ་རབས་ལས་ཀྱི་ནད་དུག་ཡིན།།
སྐྱེ་བ་འདི་ཡིས་ལན་ཆགས་ཡིན།།
ཚེ་གཅིག་ལས་ཀྱི་ལན་ཆགས་ཡིན།།
འདུན་པ་གཏད་པའི་ལན་ཆགས་ཡིན།།
མདུན་མ་བཅང་བའི་ལན་ཆགས་ཡིན།།
ཚིག་སྦྱོར་ཚོགས་ཀྱི་ལན་ཆགས་ཡིན།།
ངག་གི་ཕྲེང་བའི་ལན་ཆགས་ཡིན།།
སྙན་ངག་ནང་གི་ལན་ཆགས་ཡིན།།
ཐ་སྙད་ཁྲོད་ཀྱི་ལན་ཆགས་ཡིན།།
ལམ་དང་ལམ་གྱི་ལན་ཆགས་ཡིན།།
མདོར་ན་ཁྱོད་ཀྱི་ལན་ཆགས་ཡིན།།
བསྡུས་ན་ང་ཡི་ལན་ཆགས་ཡིན།།
ཟས་ཐུན་གཅིག་གི་བྲོ་བ་མེད།།
གཉིད་ཐུན་གཅིག་གི་ཚོར་ཤེས་མེད།།
ཚོར་བ་སྟོང་བར་ཉལ་སོང་བ།།
འདུ་ཤེས་སྟོང་བར་ཉལ་སོང་བ།།
ན་ཚོད་སྟོང་བར་ཉལ་སོང་བ།།
རྒས་ཁོག་བདེ་བར་མི་སྡོད་པ།།
དེད་ན་ལས་ཀྱི་ལན་ཆགས་ཡིན།།
ལན་ཆགས་དེ་ཡང་ལན་ཆགས་ཡིན།།
ལན་ཆགས་དེ་ཡང་མ་ཟིན་པར།།
ལན་ཆགས་ནང་ལ་འཁོར་འཁོར་བྱུང་།།
འཁོར་འཁོར་འཁོར་བའི་ཉེས་དམིགས་ཡིན།།
ཉེས་དམིགས་དེ་ལ་ལྕེབ་ཐག་ཟེར།།
ལྕེབ་ཐག་སྐེ་ལ་སྐྱོན་བསྐྱོན་ནས།།
ཚེ་རབས་ཀུན་ཏུ་རྒྱུ་བར་བྱ།།
རྒྱུ་བའི་མཐའ་ཞིག་ཐོན་པ་ན།།
ལན་ཆགས་ཤིག་གི་མཐའ་རུ་ཤོག།
མཐའ་དེ་ཐར་བར་རེག་གྱུར་ཅིག།
༼ རྟོགས་སད། ༽