ཀ་ཡེ་ལས་རླུང་དམར་པོ་སྨིན་འདྲ་བའི།།
བདག་གི་ཉིན་མཚན་ཆུ་ལ་སྐྱུར་བ་མོ།།
སྐེད་སྐབས་ཟླ་བ་གཡོ་བ་ཡིན་ནམ་ཅི།།
ཡང་ན་ཐིག་ལེ་མཆོག་མ་ཞི་བ་ཉིད།།
ཝ་ཡེ་བསྐོས་པའི་དམ་ཚིག་ཡིན་འདྲ་བའི།།
དྲན་འཛིན་མཚོ་ལ་གཉེར་རིས་སློང་བ་མོ།།
སྨིན་གཤོག་ལྷོ་སྤྲིན་རྒྱུ་བ་རེད་ལགས་སམ།།
ཡང་ན་བི་ཤྭ་ཀརྨ་བཟི་བ་ཉིད།།
ཀྱེ་མ་མགུར་ཆིངས་སྐར་མའི་ཁོང་འདར་འདྲ།།
ལན་བུའི་བསུང་ཞིམ་ཀུ་མུད་ཕྱེ་བ་མཚུངས།།
གལ་ཏེ་དཀྱུས་རིང་མདའ་མོ་འཕེན་ཙ་ན།།
ང་རང་སྐྱེངས་པས་ཨུ་ཁུང་འཛུལ་ལམ་ཅི།།
སྔོན་བརྡ་མེད་ཙང་བཞད་འཛུམ་མ་སྟོན་རོགས།།
བརྟན་ཚུགས་ས་འཛིན་རྨང་ནས་འགྱེལ་འགྲོ་ལོ།།
ཉེན་བརྡ་མེད་ཙང་གད་མོ་མ་དགོད་རོགས།།
ཁེར་རྐྱང་རི་དྭགས་གང་སར་འདྲོགས་འགྲོའོ།།
ཁྱེད་ཀྱི་སྤུ་མའི་འོག་འཇུག་དམར་པོ་ནི།།
སེམས་སུ་ཐོགས་པའི་ཚེར་ཤིང་ལྗང་ལོ་འདྲ།།
མེ་ལྕེ་སྐྱོད་པ་འདྲ་བའི་མཆུ་སྒྲོས་ཟུང་།།
ཁྲུང་ཁྲུང་མཚོག་དམར་ཞིག་གི་པྲོག་ཞུ་འདྲ།།
ཨ་ཤོག་པོ་ལོ་ལྡེམ་བཞིན་ཁྱེད་རང་འོང་།།
ཤ་དར་རྒས་དར་བཞིན་དུ་ཁྱེད་རང་འགྲོ།།
གསོག་གསོབ་དཀར་དམར་རྒྱས་པའི་ནགས་ཚལ་འདིར།།
ཁྱེད་རང་གདོད་མའི་ཡིད་འཕྲོག་གདོད་མའི་ལྷ་མོའོ།།
༼ བུ་ཡུག། ༽