"སྤྱི་ཚོགས་འུར་ཟིང་ཇི་ལྟར་ཆེ་ཡང་། མི་རེ་རེའི་ནང་སེམས་ནི་ཁེར་རྐྱང་དང་སྟོང་ལྷང་ལྷང་དུ་གནས་ཡོད།" ཚིག་འདི་ངའི་སེམས་གཏིང་ནས་རྙེད་བྱུང་། ཐོག་མར་སུའི་བློ་གྲོས་འབྱུང་མིན་དྲན་སོས་ཀྱི་མི་འདུག། དེར་སྐྱོན་ཆེན་པོ་ཨེ་ཡོད་སྙམ། ཁེར་རྐྱང་ནི་ཚོགས་པ་ཅི་ཞིག་གིས་མཐའ་ལ་ཕུད་དེ་གཅིག་པུར་ལུས་པ་མ་ཡིན་པར། གཅིག་པུར་སྡོད་ཚེ་སེམས་ལ་བརྟག་གསུངས་པ་ལྟར། དེ་ནི་ནང་སེམས་སུ་ལོག་ནས་རང་རྒྱུད་ལ་རྟོག་དཔྱོད་བྱེད་སྟངས་ཤིག་ཡིན། ཁེར་རྐྱང་ལུས་པར་དོགས་ནས་ཆ་ཞིག་འཚོལ་བ་ལས་སླ་སྟེ། སྐོམ་སེལ་ཇ་ཆང་དང་གཏམ་སྙན་ཚིག་གསུམ་གྱིས་མི་ཆ་མེད་ཅིག་ནས་རྒྱུས་ཡོད་དང་། དེ་ནས་ཆང་གྲོགས་ཀྱི་གྲལ་དུ་ཚུད་པ་ཡང་མོས་འགོད་ཐུབ་མོད། འུར་ཟིང་ལ་གྱེས་ནས་ཁེར་རྐྱང་དུ་བསྡད་རྒྱུ་དཀའ་ཞིང་། སྡོད་ལེགས་པར་ཚུགས་ནས་ཁེར་རྐྱང་གི་འགྲུལ་བཞུད་དང་། ལས་གཞུག་ཆིག་རྐྱ་བར་འཁྱོང་མཁན་ནི་བརྒྱ་ཆའི་ནང་གི་ཉུང་ཤས་ཙམ་རེད།
ལོ་ཟླའི་འཁོར་འགྲོས་དང་བསྟུན་ནས་ང་རང་གོ་མེད་ཚོར་མེད་དུ་འུར་ཟིང་ལས་ལྷིང་འཇགས་ལ་མོས་ཤིང་། མི་མང་གི་སྤྱི་ཚོགས་ལས་ཁེར་རྐྱང་གི་གྲུ་ཟུར་ལ་ལོག་རྒྱུར་དགའ་བའི་མི་ཞིག་གྱུར་འདུག། དྲན་པའི་མེ་ལོང་ངོས་སུ་ང་ཆུང་དུས་ཁ་སྐད་ཀྱིས་ལབ་ན་ཆ་དད་ཆེན་པོ་ཡོད་ལྷག་པར་དུ་སློབ་གྲྭར་མངོན། དེ་དུས་ཁྱིམ་མིས་ང་སློབ་གྲྭར་མངགས་ཤིང་། ལས་མ་བཟང་བར་གསར་དུ་སླེབས་པའི་ང་ཁེལ་སའི་འཛིན་གྲྭ་དེར་ངའི་ཡུལ་གྲོགས་གཅིག་ཀྱང་མི་འདུག་པས། སྡོད་སྙིང་ཁྱོན་ནས་མ་བྲོ་བར། དེ་ནས་བཟུང་ངས་འཛིན་གྲྭ་དེའི་སྒོ་ཐེམ་མ་བགོམ་པར་རྟག་པར་ཡུལ་གྲོགས་ཚོའི་འཛིན་གྲྭར་འགྲོ་རྐྱང་བྱེད་པ་ཡིན།ཏག་ཏག་སྐབས་དེར་འཛིན་གྲྭ་དེའི་ནང་ང་དང་མིང་མཚུངས་པ། རྒྱུན་དུ་སློབ་བྱོལ་བྱེད་པའི་སློབ་མ་ཞིག་ཡོད། ངས་མིང་བཤེར་ནམ་བྱེད་དུས་ཁོའི་ཚབ་ཏུ་ལག་པ་རྐྱོང་རྐྱང་བྱེད་ཐེངས་རེར། ངའི་འཛིན་གྲྭ་དངོས་དེར་ཉིན་ལྟར་ང་ལ་ཆད་ཐོ་ཐེངས་རེ་རྒྱག་གི་ཡོད་པ་འདྲ་སྟེ། སློབ་གྲྭས་ངའི་ཁྱིམ་ལ་ང་སློབ་གྲྭར་གཏང་དགོས་པའི་བརྡ་ཐོ་ཡང་བཏང་སྐད། ངས་ད་དུང་སྣང་བ་སྤུ་ཙམ་མ་བཏང་བར་འཛིན་གྲྭ་དེ་རང་དུ་ཡུན་གྱིས་བསྡད་པས། འཛིན་བདག་གིས་ཀྱང་ང་ཁོ་རང་གི་འཛིན་གྲྭའི་སློབ་མར་བརྩིས་ཤིིང་། ངས་ཀྱང་གུས་པས་བཀུར་ཞིང་ཉིན་ཞིག་ཁོང་གི་འཛིན་གྲྭའི་དངོས་སློབ་ཏུ་འགྱུར་བར་བསམས་ནས་རེ་སྨོན་བྱེད་བཞིན་དུ། ཉིན་ལྟར་ཡུལ་གྲོགས་ཚོའི་གྲིབ་མའི་ཟོལ་གྱིས་རྗེས་སུ་འབྲང་བ་ལས། ཁེར་རྐྱང་གིས་འགྲོ་འདུག་དང་རང་རྐྱ་འཕེར་བའི་མི་ཞིག་ལ་གཏན་ནས་མ་གྱུར་པར་སློབ་སྐབས་གཅིག་གི་ཤོག་ལྷེ་འཁྱམ་ཞོར་རྩེད་ཞོར་གྱི་ངང་ནས་དུས་ཀྱི་རླུང་བུས་ཕར་ལ་བསློགས་སོང་།
དེ་དུས་ཀྱི་ང་ལ་ཁེར་རྐྱང་དུ་སྡོད་པའི་གོམས་གཤིས་མེད་ལ། སྡོད་ཐུབ་མིན་ཚོད་ལྟ་ཡང་མ་བྱས། མི་ལ་ལས་བཤད་ན་ཁེར་རྐྱང་དུ་སྡོད་མི་བཟོད་པའམ་ཁེར་རྐྱང་དུ་ལྷུང་བར་སྐྲག་པ་ནི། སེམས་ཀྱི་སྟོབས་ཞན་པའམ་སྡུག་ཁྱག་པའི་བློ་སྤོབས་ཆུང་བའི་ངང་ཚུལ་རེད་ཟེར། ཡིན་ཡང་སྲིད། དེ་དུས་ང་གཟུགས་ཐུང་བས་རྒྱག་རེས་རྒྱག་མི་ཕོད། རང་ཆས་ཀྱི་ལག་ཆ་བརླག་པ་འདྲ་པོ་སོང་ཙང་། ངས་བརྒྱབ་ཀྱང་ཁེ་མི་ཐོབ་པ་ཤེས་ཡོད། འུ་མ་ཐུག་བར་དུ་བཟོད་སྒོམ་ཆེན་པོ་བྱས་ཏེ། རང་ཉིད་ཁྱུ་ཡན་དུ་མི་འགྲོ་བའི་ཐབས་སུ་གཞན་བརྟེན་གྱི་གཤིས་ཀའི་རྒྱུན་བསྐྱངས་ཏེ་བླ་འདར་གྱི་ཚུལ་བཟུང་ནས་བསྐྱལ་བ་ཡིན། སྐབས་རེ་འུ་ཐུག་དུས། བཟོད་སྒོམ་གྱི་མཐའ་ལ་ཐུག་པའི་དམིགས་བསལ་གྱི་དུས་ལ། བརྙས་རྐོ་མཁན་རེ་བྱུང་ཚེ། སྟོབས་ཤུགས་ཀྱིས་མི་ལྕོགས་རུང་སྤོབས་པས་ཕ་རོལ་ལ་འཛིང་ཁུལ་བྱེད་པ་ཡིན། ཐེངས་ཤིག་ངེད་སྡེ་བའི་སྤྲང་ཕྲུག་ང་ལས་གཟུགས་མཐོ་དོ་ཙམ་གྱིས་རིང་བའི་སྟོབས་ལྡན་ཞིག་ཡོད། ངས་སྔར་ནས་ཁོར་གླགས་མི་ཁེལ་བ་ཤེས་ནའང་། ངས་རང་ཉིད་ལ་རྒྱབ་རྩ་བཟང་བའི་རློམ་སེམས་དང་ཁོ་ལ་"བཟོ་ལྟ"བཟོ་འདོད་འཆར་གཞི་དེ་འགྲུབ་ཕྱིར་གང་ནུས་ཀྱིས་འཛིང་པ་ལ་མཐར་ཕམ་ཁ་ཁུར་ནས་ནང་ལ་ལོག་དགོས་བྱུང་ཡང་། ངའི་ལྐོག་ཇུས་ཀྱི་རྙི་རྒྱར་ཁོའི་གོམ་པ་དང་པོ་སྤོས་ཟིན་པས་སེམས་སྡུག་དེ་ཙམ་མ་སྐྱེས། ཕྱི་ཉིན་ངས་སློབ་གྲྭར་འགྲོ་བར་ངེས་པར་བརྒྱུད་དགོས་པའི་ཨར་འདམ་གྱི་ཟམ་པ་ཞིག་ཡོད་པ་དེའི་འོག་ཏུ་ཨ་ཕ་སྒུག་ཏུ་བཅུག། ཕྱི་དྲོ་ཕྱིར་ལོག་པའི་ང་ཚོ་ཟམ་འགྲམ་དུ་འབྱོར་མཚམས་ལ་ཨ་ཕ་ཧོབ་སྟེ་ཕྱིར་བྱུང་ནས། ཐལ་བས་ཁེངས་ཤིང་རྡོ་ཧྲུག་ཀྱང་ཅུང་ཟད་མཆིས་པའི་ས་སྟེང་དུ་ཁོ་ཁ་སྦུག་ལ་བསྙལ་ཏེ། སྒལ་བར་རྡོག་བརྫིས་ངའི་སྙིང་ནད་སངས་འགྲོ་བ་ཞིག་བཏང་བས། དེ་ནས་བཟུང་ང་ལ་སུས་ཀྱང་བརྙས་མི་བྱེད་པས། བསེ་རུ་བཞིན་ཡ་གྱར་ཏེ་མི་རྐྱང་འཁྱམ་པོའི་འཚོ་བར་སྤྲོ་སྣང་རྙེད་པ་འདྲ།
ཁོ་བོ་ནམ་ཞིག་ནས་ཁེར་རྐྱང་བཟོད་པ་དང་སྒེར་གཤིས་མངའ་བ། ཚུགས་ཐུབ་ཀྱི་མི་ཞིག་ཏུ་གྱུར་པ་གསལ་པོ་དྲན་གྱི་མ་རེད། ཕལ་ཆེར་ཉིས་སྟོང་བཅུའི་ཡས་མས་ལ། ངས་དབུས་ནས་གཟའ་མཇུག་ལ་བརྐྱངས་ཕྱག་འཚལ་དུ་འགྲོ། དད་པ་ཆེ་མདོག་གིས་མི་ལ་ངོམ་སོ་རྒྱག་ཆེད་ཕྱི་ཚུལ་རིང་ལུགས་པ་ཞིག་བྱེད་འདོད་ཡོད་པ་མིན་ལ། ཁྲལ་ནང་བཞིན་སུས་ཀྱང་བསྐུལ་ཡོད་མ་རེད་དེ། གཟའ་མཇུག་སླེབས་རིམ་ལ་རྩེ་སྐོར་རམ་བར་སྐོར་གང་རུང་ཕྱག་འཚལ་གྱིས་མ་བསྐོར་ན། ལག་པ་ཟ་འཕྲུག་ལངས་པ་འདྲ་པོ། ཡང་ན་སེམས་ནང་ཅི་ཞིག་ཆད་པ་ནང་བཞིན། དེ་མིན་ན་ཏག་ཏག་མ་བསྡད་པའི་སྣང་བ་སྐྱེ་འོང་། མདོར་ན་གཟའ་མཇུག་ལ་སྐྱིད་པོ་ཡོང་མི་ཡོང་དེ། བསམ་ཚད་འགྲུབ་མིན་དང་འབྲེལ་བ་ཆེན་པོ་འདུག། དེ་དུས་ཀྱི་ངའི་དད་པ་ལ་ད་ཚོད་ཀྱི་ང་རང་ཧ་ལས་ཀྱི། སེམས་འདི་དད་པས་བསྐུལ་ན་ལྷོད་ལྷོད་ངང་སྡོད་ཚུགས་ཀྱི་མི་འདུག། འོན་ཀྱང་། ཕྱིན་པ་ལ་རྟག་པར་བློ་ཁ་མཐུན་པའི་འགྲོ་རོགས་ཤིག་རྙེད་ཁག་པོ་ཡོད། གང་ཡིན་ཞེ་ན། ཉིན་དཀར་མཇལ་སྐོར་བ་གྲོག་ཚང་བརྡོལ་བ་འདྲ་འདུག་ལབ་ན་འུད་ཤོབ་ཅུང་ཆེ་དྲགས་མི་འགྲོ། གང་ལྟར་ཕན་ཚུན་དཔུང་ཐུག་ཁེལ་ལ་ཁད་ཅིག་ཏན་ཏན་འདུག། ངས་འཕྲེད་ཕྱག་གིས་སྐོར་བ་རྒྱག་གི་ཡོད་ཙང་། འགྲོ་ལམ་བཅད་ནས་ཁོ་ཚོར་ཁ་སྡིག་གསོག་ཏུ་བཅུག་ན་དེ་ལ་ཆོ་ག་རེ་ཡོད་རེད། དེ་ལས་ཁོ་ཚོ་འགྲོ་བདེ་ལ་ང་རང་འཚལ་བདེ་བའི་"གཉིས་ཕན་སྲིད་ཇུས་"ལྟ་བུ་ངས་གཅིག་པུར་ས་རུབ་མཚམས་ནས་མཚན་ཕྱག་འབུལ་རྒྱུར་སེམས་ཐག་བཅད་པ་ཡིན། དམིགས་བསལ་མིན་ན། ནམ་རྒྱུན་དུ་སྐོར་བ་ལན་གཅིག་འཁོར་བའི་དུས་ནི་འགྲུལ་ཐག་ཆད་པའི་མཚན་གུང་དང་པོའམ་གཉིས་པར་ངེས། ཁོར་ཡུག་ཁ་ཁུ་སིམ་པ་ལ་ནི་ཁབ་ལྷུང་གི་སྒྲ་ཡང་ཐོས་ཐུབ་པའི་ཚོད་དུ་ཡོད། དེ་འདྲ་བའི་མུན་ཁྲོད་དུ་གཅིག་པུར་ཆས་པའི་ཁོ་བོ་ནི་འདྲེ་སྒྲུང་ཉན་ནས་ནར་སོན་ཞིང་ལྷ་འདྲེ་ཡོད་པར་འདོད་མཁན་ཞིག་ཡིན་ནའང་། ཁེར་རྐྱང་གིས་མ་མནར་ལ། ཞེད་སྣང་གིས་ཀྱང་འཚབ་རྒྱུ་མི་འདུག། དེ་ནི་དད་པའི་ནུས་མཐུས་འགག་རྩའི་དུས་ལ་སྐྱོབ་མཁན་ཞིག་ཡོད་ཤག་བྱས་པས་མིན་ནམ་སྙམ། གང་ལྟར་སྐབས་དེའི་མཐུན་རྐྱེན་སྣ་མང་གིས་གྲུབ་པའི་རང་གི་འདོད་པ་ལྟར་རོལ་གྱིན་པའི་འཚོ་བ་དེ་དུས་ཀྱི་ཚད་བཅས་ཡིན་ཞིང་། སུས་ཀྱང་རོལ་ཆོག་ཆོག་ཅིག་མིན་པས། རིང་པོ་མ་ཐོགས་པར་འགལ་རྐྱེན་སྣ་གཅིག་གིས་རྐྱེན་པས་གྱེས་བརྡ་གཏང་དགོས་བྱུང་སོང་།
དེའི་རྗེས་སུ་ལོ་མང་སྙིང་ལ་ཉར་བའི་ཕུགས་འདུན་ཞིག་གི་ཆེད་དུ་རྒྱང་རིང་གི་སློབ་གྲྭ་ཞིག་ལ་འགྲོ་རྩིས་བྱས། མ་འགྲོའི་གོང་དུ་རྒྱུ་དང་སེམས་གསོས་དུས་ཀུན་ཏུ་ང་ལ་རྒྱབ་སྐྱོར་གནང་བའི་དྲིན་ཆེན་མས། བུ་རང་གང་དགའ་གང་སྐྱིད་ངང་སེམས་ལ་བསམ་པའི་ལས་ཀ་དེ་བྱོས་གསུངས་ཏེ་བཀག་འགོག་མི་གནང་བ་ལས། གཞན་གཉེན་ཉེ་དུ་དག་གིས་ངོ་རྒོལ་གྱི་ཚིག་དང་མི་འཐད་པའི་རྣམ་འགྱུར་མི་སྡུག་པ་གང་འཚམ་རེ་བསྟན་མྱོང་། དེ་ལ་ཅི་ཁག། དེ་དུས་ཀྱི་ང་ལ་ཡངས་ཤིང་ཁོད་སྙོམས་པའི་མདུན་ལམ་ཞིག་ཡོད་ལ། དེར་ཞུགས་ཚེ་ཁོ་ཚོ་རོགས་རེ་བྱ་ཐུབ་པས། རྐྱེན་དེས་ཡིན་ཡང་སྲིད། མིན་ཡང་རུང་། གང་ལྟར་ངས་རང་གི་འདོད་པ་ལྟར་གྱི་ལམ་བུ་གདམ་ག་བྱས་ནས་སློབ་གྲྭར་སོང་བ་ཡིན།
ང་བུ་མོ་གཅིག་ཀྱང་མེད་པའི་སློབ་གྲྭ་ཞིག་ལ་སླེབས་སོང་། རྒན་ལགས་ཀྱིས་ཀྱང་རིན་བྲལ་ལང་ཚོ་བརྩེ་དུང་ལས་སློབ་སྦྱོང་ལ་གཏོང་རིན་ཆེ་བར་ཡང་ཡང་གདམས་པས། ངས་ཉིན་རེར་དཔེ་ཀློག་ཉུང་ཙམ་བྱས་པ་དང་། རིམ་གྱིས་གོམས་ནས་གྲོགས་མེད་ཁེར་རྐྱང་ལ་མི་སུན་པར་དཔེ་ཆ་དང་སྤོ་ལོ་སོགས་དགའ་ཕྱོགས་དག་གིས་བདག་ཡིད་རྦད་དེ་ཚིམས་ནས། བརྩེ་ལྡན་གྱི་མཛའ་མོ་ཡོད་ན་མི་མང་ཞིང་། མེད་ན་ཉུང་སྐྱོན་མི་མངའ་བའི་མི་འདོད་ཆུང་ཆོག་ཤེས་ཅན་ཞིག་ལ་གྱུར་སོང་།
ད་ལྟ་ཕྱིར་དྲན་རེ་བྱས་ན་ད་བར་དུ་རང་གི་འདོད་པ་ལྟར་གདམ་གསེས་བྱས་ཏེ་ཕྱིན་པའི་ལམ་བུ་གང་ལའང་འགྲོ་ཉེས་ཀྱི་རྐང་རྗེས་དང་། བདམས་ཉེས་ཀྱི་གནོང་འགྱོད་རྩ་བ་ནས་མི་འདུག། དེའི་ཕྱིར་ངས་མུ་མཐུད་འདི་ལྟར་ཁེར་རྐྱང་གི་ལམ་ལ་ཆས་ངེས།།
༼ ལུག་རྫི། ༽