འདས་པའི་ལོ་ཟླ་མ་ཉུང་ཉིན་མཚན་སྟོང་དུ། །
དྲན་གདུང་ཚོར་བས་རྩེན་པའི་མ་གྲོས་རང་མཐུན། །
སྙིང་གཅེས་སེམས་སོང་ཁྱེད་རང་གནས་འདིར་ཕེབས་པའི།།
དུས་བཟང་སྐར་མ་ཡག་པོ་ཨེ་མ་མཚར་སོང་། །
ལྷན་ཅིག་མངལ་ནས་མ་སྐྱེས་ཕ་མས་ཁྱད་ཀྱང་། །
དྲན་འདང་བརྩེ་བའི་དར་མཚོན་ཐག་པས་སྦྲེལ་ནས། །
མ་བཅོས་སེམས་ཀྱི་ལྡིང་ལ་སྐུད་པ་དཀྲིས་ཏེ། །
དམ་བཅའ་འདང་ཆེན་སྙིང་ག་ལྷོད་མེད་མི་གཏོང་། །
རེ་བའི་མིག་རྒྱང་འདུན་མ་ཁྱོད་དང་འུ་གཉིས། །
ཚེ་གང་གཏན་གྲོགས་བརྟན་པའི་དམ་ཚིག་མདུད་པས། །
མི་འབྲལ་སྙིང་གི་ཞེ་འདང་ཡང་ཡང་བཞག་ནས། །
ལས་ཀྱི་ཁ་ཡིག་རེ་རེ་ངེད་གཉིས་འཚོ་འགྲོ། །
དུང་སེམས་གཅིག་གིས་བྲིས་པའི་རི་མོ་ཆ་འགྲིག །
བརྩེ་བ་གཅིག་གིས་བསྐྲུན་པའི་སེམས་གཅེས་མེ་ཏོག །
ཕན་ཚུན་གཅིག་གིས་སྐྱོང་བའི་ལོ་ཟླ་ཞིག་གིས། །
ཉིན་མཚན་འཁོར་མོ་རྫོགས་པའི་ནམ་ཚོད་འདའ་འགྲོ། །
ཚེ་གང་འདུ་ཤེས་ཟབ་མོ་ཁྱོད་དང་རྫོགས་ན། །
མི་འབྲལ་གསང་བའི་ཁ་དན་ཁྱོད་དང་བརྟན་ན། །
ལོ་ཟླའི་འཆར་ཡན་བཞུར་རྒྱུན་ཁྱོད་དང་གྲོལ་ན། །
ང་ཡི་བརྩེ་སེམས་མེ་ཏོག་ཁྱོད་དང་འདའ་ཡོང་། །
༼ རང་མདངས། ༽