国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སློབ་གསོ་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས།

(པར་ངོས་དང་པོར་མཐུད།)

ལོ་བཅུ་ལྷག་རིང་ལ། དཀར་མཛེས་ཉིན་རེའི་ཚགས་པར་གྱིས་རང་ཁུལ་སློབ་གསོ་བྱ་གཞག་འཕེལ་རྒྱས་ཀྱི་གོམ་པ་རེ་རེ་ལ་དོ་ཁུར་དང་རྩོམ་འབྲི། བདེན་དཔང་བྱས་དང་བྱེད་བཞིན་ཡོད། 2011ལོ་ནས་ད་བར་གྱི་དུས་དང་བསྟུན་ནས་སེར་མདངས་ཆགས་པའི་ཚགས་པར་ཀློག་པའི་ཚེ། ཕྲུ་གུ་ཚོ་ཞག་སྡོད་སློབ་གྲྭར་འདོན་ཡོད་པས་ང་རང་བློ་བདེ་སོང་ཞེས་པའི་རྩོམ་ཡིག་དང་། དེ་ནས་སློབ་གྲྭ་འགྲོ་སར་ཡོད་པ་ནས་སློབ་གྲྭར་ཡག་པོར་སློབ་སྦྱོང་བྱེད་ས་ཡོད་ཅེས་པའི་རྩོམ་ཡིག། དེ་ནས་མདུན་སྐྱོད་ཀྱི་སྨྱུ་གུས་མི་སྐྱོང་བའི་ལེའུ་གསར་རྩོམ་པ་སྟེ་རང་ཁུལ་གྱི་འབད་པས་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བསྐུལ་ཅེས་པའི་རྩོམ་ཡིག་སོགས་ལས། རིམ་པར་རང་ཁུལ་སློབ་གསོ་བྱ་གཞག་གི་འཕེལ་རྒྱས་ཀྱི་ལམ་རིམ་མིག་ལམ་དུ་མངོན་ཐུབ་བོ།།

སློབ་གསོ་དོ་སྙོམས་འཕེལ་རྒྱས་རྒྱུན་སྲིང་ཐུབ་ཡོད།

སློབ་གྲྭའི་ཆ་རྐྱེན་ཡག་མོ་འདུག། ཕྲུ་གུ་ཚོ་སློབ་གྲྭར་འདོན་ན་སློབ་རིན་མི་དགོས། ད་དུང་སྡོད་ས་དང་བཟའ་རྒྱུ་འཐུང་རྒྱུ། གྱོན་རྒྱུ་ཡོད། ང་རང་བློ་བདེ་པོ་འདུག། ངའི་རེ་བ་ཆེ་ཤོས་ནི་ཕྲུ་གུ་ཚོས་སློབ་གྲྭར་སློབ་སྦྱོང་ཡག་པོ་བྱས་ནས་ཆེན་པོར་ཆགས་དུས་རིག་གནས་ཡོད་པ་དང་། ལས་དོན་ཡག་པོ་ཞིག་རྙེད་ཐུབ་པ་དེ་ཡིན་ཞེས་པའི་སྐད་ཆ་ནི་ལོ་མང་སྔོན་ཉག་རོང་རྫོང་མ་རི་ཡུལ་ཤོག་ལ་མདོ་གྲོང་སྡེའི་ཡུལ་མི་རིག་འཛིན་གྱིས་བཤད་པའི་སྐད་ཆ་རེད།

རིག་འཛིན་གྱི་ཧ་ལས་པའི་སྐད་ཆ་དེ་ལས་རང་ཁུལ་གྱིས“གཞི་རྩ་གཉིས”ཀྱི་ལས་དོན་ལ་ཤུགས་ཆེན་པོས་བསྐུལ་བའི་མཇུག་འབྲས་ཤེས་ཐུབ། 2011ལོ་ནས་རང་ཁུལ་གྱིས《སི་ཁྲོན་ཞིང་ཆེན་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལོ་བཅུའི་བྱ་སྤྱོད་འཆར་གཞི》ལག་ལེན་བསྟར་བ་དང་། 2004ལོར་རྒྱལ་ཁབ་ཀྱི《ནུབ་རྒྱུད་ས་ཁུལ་དུ“གཞི་རྩ་གཉིས”ཀྱི་འགག་སྒྲོལ་འཆར་གཞི》ལག་ལེན་བསྟར་བ་ནས་བཟུང་། 《དཀར་མཛེས་ཁུལ་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་འཆར་འགོད་ཀྱི་རྩ་གནད(2011ནས2020བར།)》དང་། 《དཀར་མཛེས་ཁུལ་གྱིས་སྔར་ལྷག་གིས་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས། གསར་གཏོད་བྱེད་པའི་སྐོར་གྱི་བསམ་འཆར》དང་། 《དཀར་མཛེས་ཁུལ་གྱི་སློབ་གསོ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར》དང་། 《སློབ་སྔོན་སློབ་གསོ་འཕེལ་རྒྱས་གཏོང་བའི་སྐོར་གྱི་ལག་ལེན་བསམ་འཆར》དང་། 《སློབ་གསོའི་སྤུས་ཚད་མཐོར་འདེགས་སྐོར་གྱི་བསམ་འཆར》སོགས་རྩ་གནད་རང་བཞིན་གྱི་སྲིད་ཇུས་ཡིག་ཆ་སྔ་ཕྱིར་བཏོན་ནས་ལག་ལེན་བསྟར་ཏེ། རང་ཁུལ་སློབ་གསོ་བྱ་གཞག་གོང་འཕེལ་ཆེན་པོ་བྱུང་བར་རབ་ཏུ་བསྐུལ་ཡོད།

2011ལོ་ནས་བཟུང་། རང་ཁུལ་གྱིས་ཞག་སྡོད་ལམ་ལུགས་ཀྱི་སློབ་མའི་ཁ་གསབ་འཚོ་དངུལ་ལྷག་མ་ལུས་པ་བསྡེབས་ཤིང་བསྒྲིལ་ནས་གཞུང་བཙུགས་བྱིས་སློབ་ཁང་གི་ཞིང་འབྲོག་བྱིས་པའི་ཉིན་གཞུང་གི་བཟའ་གྲོན་གནད་དོན་ཐག་བཅད་རེད། 2013ལོའི་སྟོན་ཁའི་སློབ་དུས་ནས་བཟུང་ཁུལ་ཡོངས་ཀྱི་གཞུང་བཙུགས་བྱིས་སློབ་ཁང་ཚང་མའི་གསོ་སློབ་འགྲོ་གྲོན་བཅག་པ་དང་། དུས་དེ་ནས་དཀར་མཛེས་ཁུལ་གྱི་སློབ་སྔོན་སློབ་གསོ་རིན་པ་མི་དགོས་པའི་སློབ་གསོའི་དུས་རབས་སུ་སླེབས་པ་རེད། 2013ལོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་སློབ་མའི་སློབ་གསོ་འཚོ་བའི་མཁོ་ཆས་ཀྱི་གྲོན་དངུལ་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་སུ་བཙུད་ཡོད། 2013ལོ་ནས2014ལོར། ཁུལ་ཡོངས་ཀྱི་བྱིས་སློབ་ཁང་རྒྱུན་ཆད་མེད་པར་བཙུགས་པ་དང་རིན་པ་མི་དགོས་པའི་སློབ་སྔོན་སློབ་གསོ་ལག་ལེན་བསྟར་ཅིང་། མི་དམངས་མང་ཚོགས་ཀྱི་བུ་ཕྲུག་སློབ་གྲྭར་སྐྱེལ་བའི་ཧུར་བརྩོན་རང་བཞིན་ཆེ་རུ་སོང་བ་དང་བསྟུན་ནས། རྒྱ་བོད་སྐད་གཉིས་སློབ་གསོའི་དགོས་མཁོ་སྔར་མེད་ཆེ་རུ་སོང་ཡོད། ཕྲུ་གུ་ཚོར་སྐད་གཉིས་སློབ་གསོ་སྤུས་ལེགས་ཐེབས་པའི་ཆེད་དུ། ཁུལ་ཡོངས་ཀྱི་ཞིང་འབྲོག་སློབ་སྔོན་སློབ་གསོའི་རྒྱ་བོད་སྐད་གཉིས་སློབ་གཞི་རྩོམ་སྒྲིག་བྱས་ཡོད། སློབ་གཞིར་ཁྱོན་བསྡོམས་སློབ་དེབ39ཡོད་ཅིང་། དེའི་ནང་དུ་ལེ་ལག་ཆ་འགྲིག་གི་བཀལ་རིས་དང་། ཟེར་སྡེར། བྱིས་པའི་བཀོལ་སྤྱོད་སྦྱོང་ཆས། དགེ་རྒན་གྱི་མཛུབ་སྟོན་སྤྱོད་དེབ། དགེ་རྒན་གྱི་བཀོལ་སྤྱོད་སློབ་ཆས་སོགས་འདུས་པ་རེད།

ད་ལྟ་ལོ་རྒྱུས་ཀྱི་ཡིག་རིས་དེ་ཚོ་ཀློག་པའི་ཚེ། རྩ་གནད་གཅིག་དང་བསམ་འཆར་བཞི་ཞེས་པའི་དམིགས་འབེན་ནི་སྟོང་བཤད་ཙམ་མིན་པ་གོ་ཐུབ་ཅིང་། ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱིས་ཤུགས་གང་ཡོད་བཏོན་ནས་ལས་འགན་ཁག་དོན་ཐོག་དངོས་ལ་འཁྱོལ་ཡོད་པ་རེད། 2023ལོའི་བར། ཁུལ་ཡོངས་སུ་རིམ་ཁག་དང་རིགས་ཁག་གི་སློབ་གྲྭ700ཡོད་ཅིང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི24.09ཡོད། དེའི་ནང་དུ་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ296དང་ཞག་སྡོད་སློབ་མ་ཁྲི14.2ཡོད་ཅིང་། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བསྡོམས་འབོར་གྱི་བརྒྱ་ཆ78.19ལ་ཟིན་ཡོད་པ་རེད། ཁུལ་ཡོངས་སུ་དགེ་རྒན་དང་ལས་བཟོ་བ21086ཡོད་ཅིང་། དེའི་ནང་དུ་ཆེད་བསྐོས་དགེ་རྒན15897ཡོད། དངོས་གཞི་ཡན་གྱི་སྦྱངས་རབས་ཀྱི་བསྡུར་ཚད་བརྒྱ་ཆ66.84ལ་ཟིན་ཡོད། ལོ་ལྔའི་རིང་ལ། ཁུལ་ཡོངས་ཀྱི་སློབ་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར103.6བཏང་བ་དང་། སློབ་གྲྭ134བཤིག་པའམ་ཟླ་བསྒྲིལ་བཏང་ཡོད། གཞི་ཁྱོན་ཆེ་བའི་ཞག་སྡོད་སློབ་གྲྭ55དང་སློབ་གསོ་གླིང་ཁུལ7གསར་དུ་བཙུགས་པ་དང་ཡང་ན་རྒྱས་པར་བསྐྲུན་ཡོད་པས། བརྒྱ་ཆ70ཡན་གྱི་ཞིང་འབྲོག་སློབ་མ་སློབ་གྲྭ་ཡག་པོར་འདོན་ཐུབ་པར་རྨང་གཞིའི་ཆ་རྐྱེན་བསྐྲུན་པ་རེད། དེ་མིན། ལོ་བཅོ་ལྔའི་རིན་པ་མི་དགོས་པའི་སློབ་གསོ་འགན་སྲུང་དང་དཀའ་ངལ་ཡོད་པའི་སློབ་མར་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར36.28དོན་ཐོག་འཁྱོལ་བ་དང་སློབ་མ་ཁྲི131.29ལ་ཁེ་ཕན་ཐོབ་ཡོད།

བཤད་རིན་ཡོད་པ་ཞིག་ནི། 2009ལོར་རང་རེའི་ཞིང་ཆེན་གྱིས་དམངས་ཕན་ལས་གཞི་ཆེན་པོ་སྟེ་ལོ་དགུ་ཐོག་གསུམ་སྣོན་གྱི་རིན་མེད་སློབ་གསོ་འཆར་གཞི་ལག་ལེན་བསྟར་བ་དང་། རང་ཁུལ་གྱི་ཚན་འབོར་དང་པོའི་སློབ་མ300ལས་རིགས་སློབ་གྲྭར་ཞུགས་ནས་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད། དེའི་རྗེས་ཀྱི་ལོ་བཅུའི་ནང་དུ་རང་ཁུལ་གྱིས་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་མ་ཁྱོན་བསྡོམས18225བསྐྱལ་ཡོད་ཅིང་། དེའི་ནང་དུ་སློབ་མཐར་ཕྱིན་པའི་སློབ་མ14282ཡོད་པ་དང་། སློབ་གྲྭར་ལོ་རིམ་གསུམ་གྱི་སློབ་མ3943ཡོད་ལ་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར10ཡི་འབྲིང་རིམ་ལས་རིགས་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད། གློག་འཕྲུལ་དང་རླངས་འཁོར་ཞིག་གསོ། ལམ་ཟམ། སློབ་སྔོན། སྨན་ཞབས། ནོར་རྩིས། སྨན་སྦྱོར་སོགས་ཆེད་ལས45ལ་ཁེབས་ཡོད། དཀར་མཛེས་ཁུལ་གྱི་བུ་རྒྱུད་དེ་བས་མང་པོ་གནམ་ས་ཡངས་པོར་བསྐྱོད་དེ། ཤེས་བྱས་ལས་དབང་བསྒྱུར་བ་དང་ཕ་ཡུལ་གོང་འཕེལ་གཏོང་ཆེད་བྱས་རྗེས་ཕུལ་དང་འབུལ་བཞིན་ཡོད།

“གཞི་རྩ་གཉིས་”ཀྱི་སློབ་གསོ་ལམ་ལྷོངས་བྱུང་བ་ནི་འགོ་བཙུགས་ས་གསར་པ་ཞིག་ཡིན། དཀར་མཛེས་རྫོང་གི་ཐག་རིང་འབྲོག་ཁུལ་གྱི་ཤེས་སྐྱོང་སློབ་གྲྭར་ཕྱིན་པ་ན། དཔེ་ཀློག་གི་སྒྲ་དབྱངས་མཁའ་དབྱིངས་སུ་ལྷང་ལྷང་གྲགས་པར་ཐོས། སློབ་དུས་གསར་པར་རིན་ཆེན་བུ་ཕྲུག་གི་ཚོད་ལྟ་སློབ་ཁང་དུ་སློབ་གྲོགས་ཚོ་དང་མཉམ་དུ་ཚན་རིག་ཚོད་ལྟ་བྱེད་བཞིན་ཡོད། དགེ་རྒན་གྱིས་དཔེ་སྟོན་ལ་ལྟ་བཞིན་སློབ་མ་ཚོའི་མིག་ལམ་དུ་ཁྱད་མཚར་དང་སྤྲོ་བས་ཡོངས་སུ་ཁེངས་འདུག།

2019ལོར་རིན་ཆེན་བུ་ཕྲུག་གཙོས་པའི་ཐག་རིང་འབྲོག་ཁུལ་གྱི་ཕྲུ་གུ1717སློབ་གྲྭ་གསར་པའི་སྒོ་ཆེན་དུ་འགྲིམ་ནས་དཀར་མཛེས་རྫོང་ཐག་རིང་འབྲོག་ཁུལ་ཤེས་སྐྱོང་སློབ་གྲྭའི་སློབ་མ་ཁག་དང་པོར་གྱུར། རིན་ཆེན་བུ་ཕྲུག་གི་དྲན་ཤེས་སུ་དེ་སྔོན་སློབ་གྲྭར་འགྲོ་དུས་ཞོགས་པའི་ཆུ་ཚོད་ལྔ་པར་ཡར་ལངས་ནས་མུན་པ་དང་གྲང་ངར་ཁྲོད་ཆུ་ཚོད་གཉིས་འགྲོ་དགོས་པ་རེད། དངོས་ཡོད་དཀའ་གནད་དེ་ཐག་གཅད་ཕྱིར་རང་ཁུལ་གྱིས་སློབ་གྲྭའི་བཀོད་བབ་ལེགས་པར་བསྒྱུར་ཏེ། གཅིག་བསྡུས་རན་པ་ཡིན་པའི་ཐབས་སྤྱད་དེ་སློབ་མ་གྲམ་རྒྱ་ཆེ་བའི་ད་ཡོད་གནད་དོན་ཐག་བཅད་པ་རེད།

རིན་ཆེན་བུ་ཕྲུག་གིས་བཞིན་རས་སུ་བདེ་སྐྱིད་ཀྱི་འཛུམ་མདངས་ཁེངས་བཞིན་སློབ་གྲྭར་སློབ་གྲོགས་དང་གཉེན་ཉེ་འདྲ་བའི་དགེ་རྒན་མང་པོ་ཡོད། ད་དུང་སློབ་ཚན་སྤྲོ་དགའ་ཆེ་བ་མང་པོ་ཡོད། དཔེར་ན་མཛེས་རྩལ་དང་དབྱིན་ཡིག་སློབ་ཚན་འདྲ་རེད། དེས་མ་ཚད་བྱེད་སྒོ་ངོ་མཚར་བ་མང་པོ་ཡོད། ངས་ད་ལྟའི་སློབ་གྲྭར་ཧ་ཅང་དགའ། ཕྱིན་ཆད་ངས་སློབ་སྦྱོང་ལ་དེ་བས་འབད་བརྩོན་ཆེན་པོ་བྱས་ཏེ། འབྱུང་འགྱུར་ཕ་ཡུལ་འཛུགས་སྐྲུན་ལ་རང་གི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།

ལོ་མང་རིང་རང་ཁུལ་གྱི་སློབ་རན་བྱིས་པ་སློབ་གྲྭར་ཞུགས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་། ན་གཞོན་དང་དར་མའི་ཡིག་རྨོངས་ཚད་ཀྱང་ཇེ་དམའ་རུ་ཕྱིན་ཡོད། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ཀྱང་བརྟན་པོའི་ངང་ཇེ་མཐོར་འགྲོ་བཞིན་ཡོད།

སློབ་གསོ་དེང་རབས་ཅན་དུ་མགྱོགས་སུ་བསྐུལ།

2021ལོར་རང་ཁུལ་སྤྱིའི་ཆ་ནས་རྒྱལ་ཁབ་འོས་འགན་སློབ་གསོ་གཞི་རྩར་དོ་སྙོམས་ཡིན་པའི་ལྟ་ཁྲིད་དཔྱད་དཔོག་ངོས་འཛིན་ཐུབ་ཡོད་ཅིང་། དེའི་རྗེས་འོས་འགན་སློབ་གསོའི་གཙོ་གནད་གཞི་རྩར་དོ་སྙོམས་ནས་སྤུས་ལེགས་དོ་སྙོམས་སུ་བསྒྱུར་ཡོད། ཉེ་བའི་ལོ་ཤས་རིང་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སློབ་གསོ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་བ་འཐབ་ཇུས་གོ་གནས་སུ་བཞག་སྟེ། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ལས་དོན་ལ་མཐོང་ཆེན་བྱས་པ་རེད། ནོར་སྲིད་ཀྱི་མ་དངུལ་འཇོག་གྲངས་ཆེ་རུ་གཏོང་བ་དང་། རྨང་གཞིའི་སློབ་གསོའི་སློབ་གྲྭའི་བཀོད་བབ་ལེགས་སུ་སྒྱུར་བ། སློབ་གསོ་ཆ་འཕྲིན་ཅན་བེད་སྤྱོད་ལ་སྐུལ་བ། སློབ་གསོ་ཕྱོགས་བསྡུས་བཅོས་བསྒྱུར་ཟབ་སྤེལ་གཏོང་བ། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱིས་བྱེད་ཐབས་བརྒྱུད་དེ་ཁུལ་ཡོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ཡོང་བར་རོགས་འདེགས་བྱས་པ་རེད།

2023ལོར་རང་ཁུལ་གྱིས《ཀྲུང་གོ་སློབ་གསོ་དེང་རབས་ཅན2035》དང《སི་ཁྲོན་སློབ་གསོ་དེང་རབས་ཅན2035》དང་། དེ་བཞིན་སློབ་གསོ་པུའུ་ཡིས་བཟོས་པའི《རྫོང་ཁོངས་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ཀྱི་ལྟ་ཁྲིད་དཔྱད་དཔོག་བྱེད་ཐབས》སོགས་རྩེ་རིམ་འཆར་འགོད་ལྟར། བརྟག་ཞིབ་ཞིབ་ཕྲ་དང་རང་གི་དངོས་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་བ། རྫོང་དང་གྲོང་ཁྱེར་ཁག་དང་ཁུལ་རིམ་པའི་སྡེ་ཚན་ཁག་གི་བསམ་འཆར་སྡུད་ལེན་གང་ལེགས་ཐོག། ཁུལ་སྲིད་གཞུང་གིས་རིགས་པས་ཁུངས་བསྐྱལ་ནས་མོས་མཐུན་བྱུང་རྗེས་དཀར་མཛེས་ཁུལ་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ཀྱི་འཆར་གཞི་བཟོས་པ་རེད། རོང་བྲག་རྫོང་གིས་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་རྫོང་གསར་དུ་འཛུགས་པའི་འགོ་ཐོག་མར་བཙུགས་པ་རེད།

ཉེ་ཆར་དར་མདོ་གྲོང་ཁྱེར་ཧུའེ་མིང་སློབ་ཆུང་གིས་དར་མདོ་གྲོང་ཁྱེར་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས། དར་མདོ་གྲོང་ཁྱེར་ཚན་རིག་ལག་རྩལ་མཐུན་ཚོགས་དང་མཉམ་འབྲེལ་བྱས་ནས་མཁའ་སྐྱོད་ཚན་རིག་ཁྱབ་གདལ་ཏེ་ཚན་རིག་སློབ་ཁྲིད་ཀྱི་བྱེད་སྒོ་ངོ་མཚར་ཆེ་བ་སྤེལ་བ་རེད། རོང་བྲག་རྫོང་ཁྲོན་ཁོའུ་ཞག་སྡོད་སློབ་གྲྭའི་ལོ་རིམ་དྲུག་པའི་འཛིན་གྲྭ་གསུམ་པའི་ཡངས་ཤིང་གསལ་བའི་སློབ་ཁང་དུ་དགེ་རྒན་ཏོན་དབྱི་ལིན་གྱིས་མང་འཕྲིན་སྒྲིག་ཆས་ནས་ཁྲེང་ཏུའུ་ཚོད་ལྟ་སློབ་ཆུང་གི་ཕབ་བཟོས་གཟུགས་ལམ་གཏོང་བ་དང་སྦྲགས་སྟོན་ཁའི་སློབ་དུས་གསར་པའི་སློབ་ཚན་དང་པོ་འཁྲིད་བཞིན་ཡོད། དཔེ་མཚོན་དེ་དག་ལས་སྤུས་ལེགས་སློབ་གསོའི་རྒྱབ་ཏུ་ལག་རྩལ་གྱི་འདེགས་སྐྱོར་ཡོད་པ་དང་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ཡོང་བའི་མཇུག་འབྲས་ཡིན་པ་ཤེས་ཐུབ། སློབ་མ་ཚོས་སྒོ་འགྲམ་ནས་སློབ་གྲྭ་ཡག་པོར་འདོན་པའི་རེ་འབྲས་དངོས་སུ་སྨིན་པ་རེད།

ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་ལས་སྒྲུབ་མི་སྣས་ད་ལྟ་རང་ཁུལ་གྱིས་རིག་ནུས་ཆེ་བའི་སློབ་གསོའི་ལས་སྟེགས་བེད་སྤྱོད་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་རྒྱང་བསྟེན་དྲ་བ་སློབ་ཁྲིད་དང་དམའ་འབྲིང་གི་ས་གནས་རང་གི་ཐད་གཏོང་སློབ་ཁྲིད། སི་ཁྲོན་དྲ་བའི་སློབ་ཁྲིད་བྱེད་སྟངས་བཅས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད། ཁུལ་ཡོངས་ཀྱི་བྱིས་སློབ་ཁང་དང་སློབ་གྲྭ་ཆུང་འབྲིང387ལ་རིགས་གསུམ་གྱི་རྒྱང་བསྟེན་དྲ་བ་སློབ་ཁྲིད་ཁེབས་ཡོད་ཅིང་། འཛིན་གྲྭ3902ཡོད་ལ་སློབ་མ་ཁྲི11.09ལ་ཕན་ཐོགས་ཡོད་པ་རེད་ཅེས་ངོ་སྤྲོད་བྱས།

དེར་མ་ཟད་དུས་རབས་གསར་པར་དཀར་མཛེས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་མགྱོགས་སུ་སྐུལ་ཆེད། རང་ཁུལ་གྱིས《སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་སྐོར་གྱི་བསམ་འཆར》བཟོས་ཏེ། གཞི་གསོ་བླ་སྐྱོང་ལས་གཞི་དང་དགེ་རྒན་གྱི་ཡོན་ནུས་སྤར་བའི་ལས་གཞི། སློབ་གསོའི་ཐོན་ཁུངས་གསབ་པའི་ལས་གཞི། དོ་དམ་ནུས་སྤར་ལས་གཞི། སྒོ་འབྱེད་མཉམ་སྐྲུན་ལས་གཞི་སོགས་ལག་ལེན་མཐར་ཕྱིན་བསྟར་ནས་མི་དམངས་མང་ཚོགས་ཀྱི་སྤུས་ལེགས་སློབ་གསོའི་དགོས་མཁོ་བསྐངས་ཤིང་། ཏང་བློ་བདེ་ལ་མི་དམངས་ཡི་རང་བའི་སློབ་གསོ་གཉེར་ཏེ། མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྐྲུན་པར་རིག་སྟོབས་ཀྱི་འདེགས་སྐྱོར་དང་ཤེས་ལྡན་མི་སྣའི་འགན་སྲུང་སྟོབས་ལྡན་སྤྲད་པ་རེད།

རང་ཁུལ་གྱི་སློབ་སྔོན་སྤྱི་སྐད་སློབ་སྦྱོང་བྱ་སྤྱོད་སྤེལ་ནས་གྲུབ་འབྲས་རགས་ཙམ་ཐོབ་ཡོད། རང་ཁུལ་གྱིས་ཀྲེ་ཅང་གི་ཁ་གཏད་རོགས་སྐྱོར་སྟོབས་ཤུགས་སྤྱི་འདོམས་བེད་སྤྱོད་གང་ལེགས་བྱས་ཏེ། ཆེད་རམས་པའི་ཚོགས་པར་བརྟེན་ནས་ཆེད་རམས་པས་འཆར་ཁྲིད་དང་བགྲོ་གླེང་། ལས་སྒྲུབ་ཁང་སོགས་བརྒྱུད་དེ་རིགས་གཞུང་དང་ལག་ལེན་ཟུང་དུ་སྦྲེལ་ཏེ་དགེ་རྒན་ཚོ་ལ་སློབ་འགོ་མ་ཚུགས་གོང་སློབ་གསོ་དང་སྤྱི་སྐད་སློབ་སྦྱོང་སོགས་ཀྱི་གསོ་སྦྱོང་བྱས། 2022ལོར་གསེར་རྟ་དང་ལི་ཐང་རྫོང་གཉིས་ལ་ཚོད་ལྟ་བྱས་པ་ནས2023ལོར་ཁུལ་ཡོངས་ལ་རྒྱ་བསྐྱེད་ཡོད། ད་ལྟ་རྫོང་དང་གྲོང་ཁྱེར15ཡིས་སློབ་སྔོན་སློབ་སྤྱི་སྐད་སྦྱོང་བའི་བྱ་སྤྱོད་ལག་ལེན་བསྟར་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད། རང་ཁུལ་སློབ་སྔོན་བྱིས་པའི་སྤྱི་སྐད་ཆུ་ཚད་སྤྱིའི་ཆ་ནས་ཐོབ་པའི་སྐར་གྲངས་བསྡུར་ཚད་ནི་བརྒྱ་ཆ84.59ཡིན། གྲོང་སྡེ་རེར་བྱིས་སློབ་ཁང་རེའི་ཟུར་ཁྲིད་པའི་གསོ་སྦྱོང་རྒྱལ་ཁབ་རིམ་པའི་གསོ་སྦྱོང་དང་ཞིང་ཆེན་རིམ་པའི་གསོ་སྦྱོང་གི་འཆར་གཞིར་བཙུད་པར་མ་ཟད། གྲོང་ཁྱེར་དང་ཁུལ་གཙོས་པའི་ཟུར་ཁྲིད་པར་ལས་ཞུགས་གོང་གི་གསོ་སྦྱོང་དང་རྫོང་གཙོས་པའི་ལས་གནས་སུ་ཡོད་པའི་གསོ་སྦྱོང་རིགས་གཉིས་ལམ་ལུགས་བཙུགས་ཏེ། ཟུར་ཁྲིད་པར་དེར་བསྟུན་གྱི་སློབ་སྔོན་དགེ་རྒན་གྱི་ཆེད་ལས་བྱང་ཚད་དང་ལག་རྩལ་ཡོད་པར་ཁག་ཐེག་བྱས་ཡོད།

དེ་མིན་ཁུལ་ཡོངས་ཀྱི་ཤུགས་བསྡུས་ནས་དཀར་མཛེས་ཁུལ་ལས་རིགས་སློབ་གླིང་གསར་དུ་བཙུགས་ནས། དཀར་མཛེས་ཁུལ་དུ་མཐོ་རིམ་ལས་རིགས་སློབ་གླིང་མེད་པའི་སྟོང་ཆ་བསྐངས་ཡོད། ཞིང་ཆེན་རིམ་པའི་དཔེ་སྟོན་གཉིས་དང་གྲགས་ཅན་གསུམ་གྱི་ལས་གཞི་འཛུགས་སྐྱོང་གི་འབྲིང་རིམ་སློབ་གྲྭ་གཅིག་རེ་ཞུ་ཆོག་མཆན་ཐོབ་པ་དང་། མཐོ་རིམ་ལས་རིགས་སློབ་གསོས་སྣེ་ཁྲིད་ཅིང་། འབྲིང་རིམ་ལས་རིགས་སློབ་གསོས་གཙོར་བྱེད་པ། དམའ་རིམ་དང་མཐོ་རིམ་འབྲེལ་ཞིང་མཐུད་པའི་སློབ་གསོ་ལམ་བུར་བརྟེན་ཅིང་། སྦྱངས་རབས་སློབ་གསོ་དང་ལས་རིགས་གསོ་སྦྱོང་མཉམ་དུ་འཛིན་པའི་དེང་རབས་ལས་རིགས་སློབ་གསོའི་མ་ལག་ཅིག་ཆགས་ཡོད་པ་རེད།

ལོ་མང་རིང་ལ་རང་ཁུལ་གྱིས་སློབ་གསོར་མ་དངུལ་འཇོག་ཚད་ཇེ་ཆེར་བཏང་སྟེ། སློབ་གསོའི་གཞི་ཁྱོན་ཆུང་བ་ནས་ཆེ་བར་འཕེལ་ཞིང་། སློབ་གསོའི་སྲ་ཆས་དང་སྙི་ཆས་སོགས་གང་ཐད་ལ་དགའ་འོས་པའི་འགྱུར་ལྡོག་བྱུང་ཡོད་པ་སྟེ། སློབ་གྲྭའི་རྨང་གཞི་སྒྲིག་ཆས་ལེགས་བཅོས་རྒྱུད་ཆད་མེད་པར་བྱུང་བ་དང་། དགེ་རྒན་གྱི་དཔུང་སྡེ་ཉིན་བཞིན་སྟོབས་ཆེར་སོང་བ། གྲོང་ཡུལ་སློབ་གསོ་དོ་སྙོམས་ཅན་དུ་འཕེལ་རྒྱས་ཕྱིན་པ། ཀུན་ཕན་ཆེ་ཞིང་སྤུས་ཚད་ལེགས་པ་དང་། དོ་སྙོམས་པོར་ཡིན་པའི་སློབ་གསོས་ཁུལ་ཡོངས་ཀྱི་མི་དམངས་ལ་ཕན་ཆེན་ཐོབ་ཡོད། མ་འོངས་པར་དཀར་མཛེས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ལམ་བུར་དགའ་འོས་པའི་དོན་བཟང་མང་པོ་འབྱུང་བར་ང་ཚོར་ཡིད་ཆེས་ཡོད་དོ།།

(སྐལ་ཐུབ་ཀྱིས་བསྒྱུར།)