国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཐོ་སྒང་ཡུལ་ལ་བརྩེ་བ་ཟབ་མོ་བཅངས།། ལོ་བརྒྱད་བསྟུད་མར་སློབ་སྐྱོར་ལས་ལ་བརྩོན།།

ནན་ཅིང་མཁའ་འགྲུལ་འཕུར་སྐྱོད་སློབ་ཆེན་གྱི་མཁའ་དབྱིངས་གྲོང་ཁྱེར་སློབ་སྐྱོར་ཚོགས་པའི་གནས་ཚུལ་རགས་བཀོད།

1 མཁའ་དབྱིངས་གྲོང་ཁྱེར་སློབ་སྐྱོར་ཚོགས་པའི་ཁོངས་མི་དང་ཕྲུ་གུ་ཚོའི་མཉམ་པར།

2 མཁའ་དབྱིངས་གྲོང་ཁྱེར་སློབ་སྐྱོར་ཚོགས་པའི་ཁོངས་མི་དང་ཕྲུ་གུ་ཞིག་གི་དྲན་རྟེན་འདྲ་པར།

3 མཁའ་དབྱིངས་གྲོང་ཁྱེར་སློབ་སྐྱོར་ཚོགས་པའི་ཁོངས་མིས་ཕྲུ་གུ་ཚོར་ལག་གྲུག་རྩེ་སྟངས་སློབ་བཞིན་པ།

4 མཁའ་དབྱིངས་གྲོང་ཁྱེར་སློབ་སྐྱོར་ཚོགས་པའི་ཁོངས་མི་ཚོས་ཕྲུ་གུ་ཚོར་སློབ་ཁྲིད་བྱེད་བཞིན་པ།

5 དམག་མི་རྒན་པོས་གསར་བརྗེའི་སྐབས་ཀྱི་བྱས་རྗེས་གཏམ་རྒྱུད་འཆད་བཞིན་པ།

ཁོ་ཚོ་ལོ་བརྒྱད་བསྟུད་མར་ནན་ཅིང་མཁའ་འགྲུལ་འཕུར་སྐྱོད་སློབ་ཆེན་ནས་སྤྱི་ལེ3000བརྒལ་ཞིང་ཁམས་བྱང་བྱིས་པའི་ཕན་བདེ་ཁང་དུ་སློབ་སྐྱོར་ལ་ཡོང་། ལོ་ལྟར་དབྱར་ཁའི་གུང་གསེང་རིང་ཁོ་ཚོ་ཕན་བདེ་ཁང་དུ་འོངས་ནས་ཕྲུ་གུ་ཚོར་རིག་གནས་སློབ་པ་དང་མཉམ་འདུག་ཉམས་རོགས་བྱས་ཏེ། རང་ཁུལ་གྱི་བྱིས་པའི་ཕན་བདེའི་བྱ་གཞག་དང་སྐྱེ་བོ་ལོ་ན་མ་སོན་པའི་འཕེལ་རྒྱས་ལ་མུ་མཐུད་དེ་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་དང་འབུལ་གྱིན་ཡོད། ཁོ་ཚོ་ནི་ནན་ཅིང་མཁའ་འགྲུལ་འཕུར་སྐྱོད་སློབ་ཆེན་གྱི་མཁའ་དབྱིངས་གྲོང་ཁྱེར་ཞེས་པའི་སློབ་སྐྱོར་ཚོགས་པའི་ཁོངས་མི་རྣམས་རེད།

རིག་གནས་ཀྱིས་ལས་དབང་བསྒྱུར་ཅེས་པ་ལྟར། ཚོགས་པའི་ཁོངས་མི་ཚོས་ཐག་རིང་ལུང་ཁུག་ཏུ་འཚོ་བ་སྐྱེལ་མཁན་ཕྲུ་གུ་ཚོར་མཚོན་ན། སློབ་སྐྱོར་ལས་ཐོབ་པའི་རིག་གནས་གང་ཞིག་ཡིན་རུང་ཕྲུ་གུ་ཚོའི་མི་ཚེ་ཁ་ཕྱོགས་བསྒྱུར་ཐུབ་པའི་ངོས་འཛིན་བྱེད་བཞིན་ཡོད། 2016ལོ་ནས་བཟུང་མཁའ་དབྱིངས་གྲོང་ཁྱེར་སློབ་སྐྱོར་ཚོགས་པས་གཞོན་ནུ་འཕུར་སྐྱོད་པ་ཕུལ་བྱུང་ཉིས་བརྒྱ་ལྷག་མངགས་ནས་ཁམས་བྱང་བྱིས་པའི་ཕན་བདེ་ཁང་དུ་སློབ་སྐྱོར་བྱེད་སྒོ་སྤེལ་དང་སྤེལ་བཞིན་ཡོད། གཅེས་སེམས་སློབ་ཚན་བཙུགས་ནས་ཕྲུ་གུ་ཚང་མའི་དགོས་མཁོ་གནད་ལ་འཁེལ་བ་དང་དམིགས་ས་ལྡན་པའི་སྒོ་ནས་སློབ་ཁྲིད་བྱས་པ་རེད། ད་དུང་དཀར་མཛེས་རྫོང་གི་གྲོང་རྡལ་གསུམ་དང་ཡུལ་ཤོག་བཅོ་བརྒྱད་དུ་བསྐྱོད་ནས་མཁའ་འགྲུལ་འཕུར་སྐྱོད་ཀྱི་ཤེས་བྱའི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་ནས་ཕྲུ་གུ་མང་པོའི་སེམས་སུ་མཁའ་སྐྱོད་ཕུགས་འདུན་གྱི་ས་བོན་བཏབ།

ལོ་བརྒྱད་ཀྱི་དུས་ཡུན་ནང་མཁའ་དབྱིངས་གྲོང་ཁྱེར་སློབ་སྐྱོར་ཚོགས་པའི་ཁོངས་མི་ཚོས་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་ཕྱོགས་ཡོངས་ནས་ཚན་རིག་ཁག་གི་སློབ་ཁྲིད་བྱས། ཁོ་ཚོས་འཆར་འགོད་ཞིབ་ཚགས་བྱས་པར་བརྒྱུད་བྱིས་སློབ་ཁང་ནས་མཐོ་འབྲིང་ལོ་རིམ་གསུམ་པའི་བར་གྱི་ཁྱོན་ལོ་རིམ་བཅུ་གསུམ་གྱི་རྨང་གཞིའི་སློབ་ཚན་ཆ་ཚང་སློབ་བཞིན་ཡོད། ཕྲུ་གུ་ཚང་མར་རང་ཉིད་དང་འཚམ་པའི་མཛུབ་ཁྲིད་གནང་། ནམ་རྒྱུན་སློབ་ཁྲིད་འཚོག་སྐབས་ཕྲུ་གུ་ཚོས་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་བྱས་པ་དང་། དགེ་རྒན་གྱིས་ངང་རྒྱུད་རིང་པོའི་སྒོ་ནས་སློབ་ཁྲིད་བྱེད་བཞིན་ཡོད།

མཁའ་དབྱིངས་གྲོང་ཁྱེར་སློབ་སྐྱོར་ཚོགས་པས་ཀུན་སྤྱོད་དང་ཤེས་རིག་ལུས་རྩལ་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བའི་སློབ་གསོའི་འདུ་ཤེས་འཛིན་ཞིང་འཁྱོངས་པ་དང་སློབ་ཚན་གསར་གཏོད་བྱས་ཏེ། ལུས་རྩལ་དང་ནུས་རྩལ་སོགས་ཉིན་རེའི་སློབ་ཚན་ནང་འཇུག་ཡོད། དེ་མིན་ཡིག་གཟུགས་དང་རོལ་དབྱངས། ཞབས་བྲོ་སོགས་སློབ་ཚན་བཀོད་སྒྲིག་བྱས་ཏེ་སྲོལ་རྒྱུན་རིག་གནས་དང་དེང་རབས་སྒྱུ་རྩལ་གཉིས་ཀྱི་ཐད་ཕྲུ་གུ་ཚོའི་ནུས་པ་མཐོར་འདེགས་དང་མཐོང་རྒྱ་ཆེ་རུ་བཏང་ཞིང་། ད་ལྟ་སློབ་མ་ཚོའི་ཕྱོགས་བསྡུས་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད།

གསར་བརྗེའི་ལོ་རྒྱུས་ལ་སློབ་སྦྱོང་དང་གསར་བརྗེའི་གཏམ་རྒྱུད་བཤད། ལོ་ལྟར་མཁའ་དབྱིངས་གྲོང་ཁྱེར་སློབ་སྐྱོར་ཚོགས་པས་དམག་དཔོན་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུའི་དྲན་གསོ་ཁང་། དཀར་མཛེས་དམག་འཛོམས་ཆེན་མོའི་དྲན་གསོའི་ཐང་ཆེན་སོགས་སུ་ལྟ་སྐོར་བྱས་ནས་གསར་བརྗེའི་སྙིང་སྟོབས་མྱོང་རོལ་བྱེད་ཀྱི་ཡོད།

ད་ལོ་ཡང་ཁོངས་མི་ཚོས་ཕན་བདེ་ཁང་གི་ཕྲུ་གུ་ཚོ་དང་མཉམ་དུ་དྲན་གསོ་ཁང་དེ་དག་ལ་ལྟ་སྐོར་ཕྱིན་པ་དང་། དམག་མི་རྒན་པོས་གསར་བརྗེའི་སྐབས་ཀྱི་གཟི་བརྗིད་ལྡན་པའི་བྱས་རྗེས་གཏམ་རྒྱུད་བཤད་པར་ཉན། བྱེད་སྒོ་དེ་རིགས་ལས་ཕྲུ་གུ་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་རྒྱུས་ལོན་པ་དང་གསར་རྗེའི་རིག་གནས་ཤེས་རྟོགས་གང་མང་བྱུང་ཡོད། རྒྱལ་གཅེས་ཀྱི་སྙིང་སྟོབས་སེམས་ལ་ཚུགས་པ་དང་བདེ་སྐྱིད་ཀྱི་འཚོ་བར་དེ་བས་གཅེས་སྤྲས་བྱེད་ཤེས་པར་གྱུར།

ཚོགས་པས་ད་དུང་ཁམས་བྱང་བྱིས་པའི་ཕན་བདེ་ཁང་ལ་སློབ་དེབ་དང་། དཔེ་ཁུག་སོགས་སློབ་སྦྱོང་གི་ཡོ་བྱད། གྱོན་ཆས། འཚོ་བའི་མཁོ་ཆས་ཞལ་འདེབས་ཕུལ་ནས་ཕྲུ་གུ་ཚོ་བདེ་སྐྱིད་ལྡན་པའི་ངང་ནས་འཚར་ལོངས་འབྱུང་བར་ཆ་རྐྱེན་བསྐྲུན།

ལོ་བརྒྱད་རིང་ལ་ཁོ་ཚོ་ནི་དྲིན་ཆེན་ཕ་མ་ལྟར་ཡིན་ཞིང་། ཕྲུ་གུ་ཚོ་འཚར་ལོངས་དང་ཡར་ཐོན་འབྱུང་བར་བརྩེ་བས་ནམ་ཡང་དོར་མེད། ད་ལོ་ཁམས་བྱང་བྱིས་པའི་ཕན་བདེ་ཁང་གི་ཕྲུ་གུ་ཚོ་འབྲིང་རྒྱུགས་དང་མཐོ་རྒྱུགས་སུ་ཞུགས་ནས་གྲུབ་འབྲས་ཕུལ་བྱུང་ཐོབ། དེའི་ནང་སློབ་མ་གཅིག་དངོས་གཞིའི་ཚན་ཁག་གི་སློབ་གྲྭར་རྒྱུགས་འཕྲོད་པ་དང་། སློབ་མ་གསུམ་མཐོ་རིམ་སློབ་འབྲིང་ལ་རྒྱུགས་འཕྲོད་ཡོད། ད་དུང་སློབ་མ་གཅིག་ལ་འབྲིང་རྒྱུགས་སྐར་མ700ལྷག་ཐོབ་ཡོད། གྲུབ་འབྲས་དེ་དག་ནི་ཕྲུ་གུ་ཚོས་དཀའ་སྤྱད་སློབ་སྦྱོང་བྱས་པའི་འབྲས་བུ་ཡིན་ལ། མཁའ་དབྱིངས་གྲོང་ཁྱེར་སློབ་སྐྱོར་ཚོགས་པས་ལོ་མང་པོའི་རིང་ལྷག་བསམ་དཀར་པོའི་རྒྱབ་སྐྱོར་དང་རོགས་རམ་བྱས་པའི་འབྲས་བུ་ཡང་ལོས་ཡིན།

ཡོད་ཚད་ནི་ཕྲུ་གུ་ཚོའི་ཆེད་དུ་ཡིན་ཞེས་པའི་སྐད་ཆ་དེ་མཁའ་དབྱིངས་གྲོང་ཁྱེར་སློབ་སྐྱོར་ཚོགས་པའི་ཁོངས་མི་ཡོད་ཚད་ཀྱི་བསམ་བློའི་ཁྲིད་སྟོན་ཞིག་ཡིན། ཁོ་ཚོས་ལྷག་བསམ་ཟོལ་མེད་ཀྱི་འདུན་པ་བཅངས་ནས་ཕྲུ་གུ་ཚོ་མེས་རྒྱལ་རླབས་པོ་ཆེའི་དྲོད་ཁོལ་འོག་བདེ་ཐང་ངང་འཚར་ལོངས་ཡོང་བའི་རེ་བ་བྱེད་ཀྱིན་ཡོད་ལ། མ་འོངས་པར་བརྩེ་བ་དང་ཕུགས་འདུན་གྱི་ལོ་འདབ་རྒྱས་སུ་བཅུག་ནས་ཕྲུ་གུ་ཚོའི་མི་ཚེར་འབྲས་བཟང་སྨིན་དུ་འཇུག་ངེས་སོ།།

( ཡེ་ཤེས་ཀྱིས་བྲིས།)