国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབྲོག་སྡེ་ཁྲ་མོ།

སྲོད་ཁའི་མཚམས་སྤྲིན་གྱི་དམར་མདངས།གཞོན་ནུ་མའི་མགོ་དཀྲིས་བཞིན་ཕྱིར་རི་ཆེན་གྱི་རྒྱབ་ན་དལ་གྱིས་ལྷུང་།ཁ་མི་གྲག་པའི་དྭངས་གཙང་གི་ཡུལ་ཆུ་ཨག་ཆུ་སྔོན་མོས།སྔོ་ཡུག་ཡུག་ངང་དུས་ཚོད་ཀྱི་མནར་གཅོད་ཁུར་ཏེ་མདུན་དུ་བསྐྱོད།མུན་ནག་གི་ལག་མཐིལ་ནང་དུ་ཚུད་པའི་འབྲོག་སྡེ་ཁྲ་མོ་འདི།ཇོ་མོ་གླང་མའི་དུར་ཐང་བཞིན།ཉོན་མོངས་ཀྱིས་བྲན་ནས་གཉིད་ཀྱིས་བཟི།འབྲོག་མོ་མཛེས་མའི་བུ་སྣོད་ཀྱི་ནང་ལས་ཁྲག་གི་ཐིགས་པ་རེ་རེ་ས་མཐོ་འདིའི་སྐྱེ་བོ་རེ་རེའི་བྲང་ཁར་སིམས་པས།ཡི་མུག་གི་ཐང་ཆེན་འདི་རུ་མེ་ཏོག་གི་ལང་ཚོ་གྲོལ་བའི་སྔོན་འགྲོ་སྦྱིན།མཚན་མོའི་དུས་སུ་ངས་རང་གི་གོང་མཛུབ་སྤྱད་ནས།འབྲོག་སྡེ་ཁྲ་མོ་འདིའི་རྩིག་ལྡེབས་ངོས་སུ།འུག་པ་ཡི་ཨུ་ཚུགས་དང་ལོག་སྤྱོད་བྲིས།ཕ་ཡུལ་གྱི་ཁང་ཁྱིམ་དང་སྐྱོ་གར་བྲིས…

༼ དུག་ཆུ་ཁོལ་མ། ༽