国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཁུར་མགོར་དམར་ཁ་ཚ་ བའི་འབྲོག་མོ།

ཡིད་འོང་འཛུམ་དཀར་བཞད་པའི་འབྲོག་མོ་དེ། །

སྙན་ངག་གཟུགས་སུ་བྱོན་ན་ཨ་ཕོ་ངས། །

དབྱངས་སྙན་སྒྱུ་རྩལ་དབེན་ཡང་སྲད་བུ་ལ། །

དཀྲིས་ཏེ་བརྗོད་འདོད་དབྱངས་ཀྱི་མགུར་དུ་འཐེན། །

སྙན་ངག་མཁས་ཆེན་མ་སྐྱེངས་ཞིབ་ཀློག་མཛོད། །

འཛུམ་མདངས་རྣམ་པར་རྒྱས་པའི་ཞལ་ཁྱིམ་དེ། །

དཀར་དམར་བྱུ་རུའི་མདངས་ཀྱི་བིམ་པའི་ལྟོ། །

མཆུ་སྒྲོས་དམར་སེར་ལི་ཁྲིའི་ཁ་དོག་འགོས། །

མཁུར་མགོར་རང་བྱུང་དམར་བའི་ཚ་ཁ་འབར། །

ཁྲ་ཆུང་མིག་གི་ལོངས་སྤྱོད་དཔལ་དུ་སྒེག །

ལྷད་མེད་བཞིན་རས་གཡའ་བྲལ་འཛུམ་པ་ལ།།

རྫས་འགྱུར་དཀར་དམར་ཞིག་གིས་མ་རྫད་ཅིང་། །

གཟུགས་བྱད་ལྡེམ་ལྡེམ་ལྕུག་ཕྲན་གཡོ་བ་ལྟར། །

འོ་འཛིན་རྒྱས་པའི་འབར་འབུར་བྱད་པ་བཟང་། །

ཀུན་ཡིད་འཕྲོག་པའི་འབྲོག་མོར་མཚར་སྡུག་འབར།།

གཤིས་སྤྱོད་ལྷ་ཡི་ངང་ཚུལ་རྒྱན་གྱིས་ཕྱུག །

ལུས་དྲི་གཞན་གྱིས་མ་འགོས་འབྲོག་དྲི་འཐུལ། །

ལྷག་བསམ་པད་འདབ་རྒྱས་པའི་དཀར་གཙང་ལ། །

གཡོ་དང་དྲན་འཕྲུལ་མགོ་སྐོར་སྤུ་ཙམ་མེད། །

ལྷ་སྲས་མཚུངས་པའི་འབྲོག་གི་བུ་མོ་རྨད། །

གངས་དཀར་ཕ་གཞིས་སྦྲ་ནག་གྲུ་བཞིའི་ནང་། །

ཕ་མའི་བཀའ་ལ་བརྩི་ཞིང་དྲིན་ལན་འཇལ། །

ཕ་མར་སྲི་ཞུ་སྒྲུབ་ལ་ཡ་རབས་ལྡན། །

དམ་པའི་ལྷ་ལ་གུས་ཤིང་ཕྱག་འཚལ་འབད། །

གངས་དཀར་ཕ་གཞིས་སྐྱོང་བའི་མཛའ་ན་མོ། །

ནོར་ལུག་སྟོང་ཚོ་གཡུ་གཞོང་སྤང་དུ་འདེད། །

སྙན་པའི་རྫི་གླུ་སིང་སིང་རི་ལུང་གླན། །

འགྲོས་པའི་གོམ་སྟབས་ཉམས་བཟང་མིག་ཏུ་སྡུག །

འབྲི་མོ་དགོ་དགོ་འཇོ་བའི་རྣམ་པ་མཛེས། །

འབྲོག་གི་སྦྲ་ནག་ཕ་ས་འཛིན་མཁན་ཡིན། །

གཞན་གྱི་སྐད་ཡིག་འདྲ་མིན་མི་ཤེས་ཀྱང་། །

རང་རིགས་སྐད་དང་ཡི་གེ་སྦྱོར་ཀློག་ཤེས། །

ཚིག་སྦྱོར་དཔལ་ལྡན་ཕྱག་འཇམ་ལག་གིས་བྲིས། །

སྙན་པའི་དབྱངས་རྟ་གྲེ་འགྱུར་ངག་གིས་གྱེར། །

རང་རིགས་སྐད་ཡིག་གཉིས་ལ་དུང་ཞེན་ལྗིད། །

སྔོ་ལྗང་རྩི་ཏོག་རྒྱས་པའི་སྤང་སྟེང་ན། །

གློག་ཆས་འདྲ་མིན་དག་ལ་མ་གཡེང་བར། །

རྫི་ཇ་མངར་མོ་བསྐོར་ཏེ་ཞིམ་ཞིང་འཐུང་། །

ཤེས་བྱའི་བློ་མིག་འབྱེད་པའི་དཔེ་ཀློག་བྱས། །

ཞོར་དུ་མ་ཎི་ཡིག་དྲུག་ངག་རྒྱུན་སྐྱོར། །

དབྱར་ཀའི་མེ་ཏོག་སྣ་ཚོགས་ཆར་གྱིས་བཀྲུས། །

ཁྲུས་རྫིང་གར་ལ་རོལ་བའི་བྱ་བྱེའུ་སྐྱིད། །

འབྲོག་མོའི་ལྷམ་མཐིལ་རྡོག་མགོ་ཟིལ་བས་བརླན། །

ཐུ་སྣེ་རླུང་གིས་སྐྱོད་བཞིན་གོམ་ཁ་སྤོས། །

རྩི་ཤིང་མེ་ཏོག་ཁྲོད་ཀྱི་འབྲོག་མོ་སྐྱིད། །

དབྱངས་གསལ་ཕོ་མོ་མ་ནིང་སྒྲ་གདངས་བསྒྲིགས། །

ཨཱ་ལི་ཀཱ་ལི་ཕན་ཚུན་བསྡེབས་ལེགས་སྦྱོར། །

ཁྱོད་ལ་བསྟོད་ཅིང་ཁྱོད་ལ་གཅེས་བཞིན་དུ། །

འབྲོག་མོའི་ཆ་ཤས་རྣལ་མ་བརྗོད་གཞི་བྱས། །

སྙན་པོ་མེད་ཀྱང་འབྲོག་མོར་མགུར་དུ་བླངས། །

༼ སྙན་རྐང་གླིང་། ༽