ཞལ་གྱི་ཆུ་སྐྱེས་དཀར་དམར་འཛོམས་དང་གཅིག།
སྤྱན་ཟུང་ཁྲ་བོའི་གཟི་ཆུང་མཛེས་དང་གཉིས།།
མཁུར་ཚོས་ཚལ་གྱི་ཁ་མདོག་ལེགས་དང་གསུམ།།
སྦྲ་ནག་འབྲོག་མོའི་མཛེས་པ་ཨེ་མ་རྨད།།
ལན་བུ་སྨུག་པོ་མུ་ཏིག་བརྒྱན་དང་གཅིག།
ལག་གདུབ་བ་སོ་བྱུ་རུའི་ཕྲ་ཀོང་གཉིས།།
གསེར་གྱི་རྣ་རྒྱན་གཡུ་ཡི་ཕྲ་རྒྱན་གསུམ།།
སྦྲ་ནག་འབྲོག་མོའི་མཛེས་པ་ཨེ་མ་རྨད།།
རྒྱ་སྨུག་ཕྱུ་བའི་སྨུག་ཞད་ཆེ་དང་གཅིག།
གོས་ཆེན་སྔོན་པོའི་གོང་བ་མཛེས་དང་གཉིས།།
དངུལ་གྱི་རྣ་རྒྱན་བྱུ་རུའི་ཕྲ་ཀོང་གསུམ།།
སྦྲ་ནག་འབྲོག་མོའི་མཛེས་པ་ཨེ་མ་རྨད།།
ལྡེམ་ལྡེམ་འགྲོ་བས་གོམ་ཁ་ལྷོད་དང་གཅིག།
འཛུམ་འཛུམ་ཞལ་གྱི་འཛུམ་མདངས་
མངའ་དང་གཉིས།།
བརྩེ་བའི་ཁྲེལ་གཞུང་གཙང་པོ་རིང་དང་གསུམ།།
སྦྲ་ནག་འབྲོག་མོའི་མཛེས་པ་ཨེ་མ་རྨད།།
༼ རྡོ་རྗེ་ཐར་ལམ། ༽