རྒྱན་གོས་ནི་འགྲོ་བ་མིའི་འཚོ་བའི་ཐོན་དངོས་ཤིག་ཡིན་ལ་མི་རིགས་ཤིག་གི་མཛེས་དཔྱོད་ལྟ་ཚུལ་དང་འཚོ་བའི་སྤྲོ་སྣང་། རིག་གནས་སྒྱུ་རྩལ། ཡུལ་བབ་ཁྱད་ཆོས་སོགས་མངོན་ཐུབ་པ་ཡིན། མི་རིགས་སོ་སོའི་གོས་རྒྱན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་གྲུབ་ཡོད། བོད་མི་རིགས་ཀྱིས་ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ནང་ས་ཁམས་དང་། གནམ་གཤིས། འཚོ་བ་སྐྱེལ་སྟངས་བཅས་དང་རིན་ཐང་ལྟ་བ་སོགས་ལ་བརྟེན་ནས་རྒྱན་གོས་རིག་གནས་གསར་གཏོད་བྱས་ཡོད། སྤྱིའི་ཆ་ནས་བོད་རིགས་ཀྱི་རྒྱན་གོས་ཕལ་ཆེར་འདྲ་ལ་ཆུང་སར་ཁྱད་པར་ཡོད། སྐྱེས་པས་གཟི་ཉམས་དང་ཞེང་ཁ་ཆེ་བ། སྐྱིད་སྣང་དོད་པའི་གྱོན་ཆས་ལ་དགའ་ཞིང་བུད་མེད་ཀྱིས་དབྱིབས་ཆུང་ལ་སྤུས་དག་པ་དང་། མཛེས་མདངས་བཀྲ་བ། ལྟ་སྣང་དོད་ལ་ཉམས་དགའ་བར་དང་དོད་བྱེད་ཀྱི་ཡོད། རང་རྒྱལ་གྱི་བོད་རིགས་འཚོ་གནས་བྱེད་པའི་ས་ཁོངས་རྒྱ་ཆེ་བས་ལུང་ཤུར་རེར་རང་སོ་སོའི་ཁྱད་ཆོས་ལྡན་པའི་རྒྱན་གོས་རིག་གནས་རེ་ཡོད་པ་རེད།
བོད་ཀྱི་རྒྱན་གོས་ལ་རྒྱུ་ཆའི་ཐད་ནས་དར་གོས་དང་། པགས་རིགས། སྣམ་བུའི་རིགས། རས་ཆ་སོགས་ཡིན་པ་དང་རྒྱན་ཆའི་ཐད་གཡུ་བྱུར་དང་། མུ་ཏིག རྡོ་རྗེ་ཕ་ལམ་སོགས་ཕུན་སུམ་ཚོགས་པོ་ཡོད་ཅིང་། རྒྱན་གོས་ཀྱི་རྣམ་པའི་ཐད་གནའ་རབས་དང་། ཉེ་རབས། ས་གནས་ཀྱི་ཁྱད་ལྡན་རྒྱན་གོས་བཅས་ལས་གྲུབ་ཡོད།
ཉེ་རབས་ཀྱི་བོད་མིའི་རྒྱན་གོས་ནི་རྒྱུ་གོས་ཆེན་དང་། ཐེར་མ། རས་དང་སྣམ་བུ་སོགས་ཀྱིས་བཟོས་པ་ཞིག་ཡིན་ཞིང་། བུད་མེད་ཚོས་སྟོན་དཔྱིད་གཉིས་སུ་ཕྱུ་པ་ཕུ་ཡོད་དང་། དབྱར་ཁ་ཕུ་མེད་གྱོན་པ། དགུན་དུས་པགས་ཚགས་བཅས་གྱོན་པ་དང་རྐང་ལྷམ་ནི་ཟོམ་པ་དང་འཇུར་རྟ་རང་འདོད་ལྟར་གྱོན་གྱི་ཡོད། བུ་མོ་ཚོ་ཆུང་དུས་ནས་སྐྲ་ལ་ལྷས་མ་རྒྱག་པ་དང་ལྕང་ལོའི་ཐོག་ལྟག་འཛར་ཞེས་གཡུ་དང་བྱུ་རུ་སྤེལ་མར་བསྒྲོགས་པ་དང་། མི་དྲག་གི་བུ་མོ་ཚོས་ལྟག་འཛར་གྱི་སྟོད་དུ་གའུ་རྒྱག་པ་དང་། རྣ་བར་མུ་ཏིག་དང་ཕ་ལམ་སོགས་རང་གི་འཁོས་དཔག་ལྟར་འདོགས། བུད་མེད་ཚོས་དབྱར་དུས་ཞྭ་མོ་གྱོན་སྲོལ་ཆེར་མེད་རུང་ལྷ་ས་ཁུལ་གྱི་གླིང་སྐོར་བ་སོགས་ཀྱིས་ཞྭ་མོ་སྐལ་བཟང་བསིལ་གཡབ་ཅེས་རྒྱུ་ཐེར་མ་སོགས་ལས་བཟོས་ཤིང་། དཔྲལ་བའི་མདུན་དུ་ཉི་སྒྲིབ་ཡོད་པ་ཞིག་གྱོན་སྲོལ་ཡོད་པ། དགུན་དུས་ཡང་ཞྭ་ཞེས་རྒྱབ་མདུན་གཉིས་ལ་རྣ་ཅོག་ཆེ་བ་རེ་དང་གཡས་གཡོན་གཉིས་ལ་ཆུང་བ་རེ་ཡོད་པ་གྱོན་སྲོལ་ཡོད། སྐྱེས་པ་ཚོས་དབྱར་དུས་སྣམ་བུ་སོགས་ལས་བཟོས་པའི་ཕྱུ་ཆེན་གྱོན་པ་དང་ཕུ་ཐུང་གཡས་པ་འབུད་པ། དགུན་དུས་སུ་རྒྱབ་ཤ་འདྲ་མིན་གྱི་པགས་ཚགས་གྱོན་པ་དང་ལོ་ན་རྒན་གཞོན་ལ་གཞིགས་ནས་རྐུབ་སུལ་བཞིའམ་དྲུག་སྒྲིག་པའམ་སྟ་ཟུར་ལ་ཟུར་ལྟེབས་རྒྱག་པར་བྱེད། རྐང་ལྷམ་ཟོམ་པ་དང་། འཇུར་རྟ་ཡུ་རིང་། ཀོ་ལྷམ་སོགས་ཅི་རིགས་གྱོན་ལ། མགོ་ལ་དབྱར་དུས་ཕྱིང་ཞྭ་དང་དགུན་དུས་ཚེ་རིང་སྐྱིན་ཁེབས་དང་འཇའ་བཏང་པགས་སློག་བཅས་གྱོན་གྱི་ཡོད། ཆུང་དུས་ནས་སྐྲ་ལ་ལྕང་ལོ་རྒྱག་པ་དང་རྣ་ཅོག་གཡས་པར་གཡུ་བྱུར་དང་གཡོན་མར་ཨ་ལོང་འདོགས་པར་བྱེད་ཀྱང་མི་དྲག་གི་བུ་ཚོས་ལྕང་ལོར་གའུ་བརྒྱན་པ་དང་རྣ་ཅོག་གཡོན་མར་སོག་བྱིལ་འདོགས་སྲོལ་ཡོད། ཉེ་རབས་ཀྱི་བུད་མེད་ཚོའི་རྒྱན་ཆའི་བཟོ་ལྟ་སྟབས་བདེའི་ཕྱོགས་སུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ་རྒྱན་གོས་ཀྱང་ཇེ་མཛེས་སུ་ཕྱིན་པ་དང་རིན་ཐང་ཡང་ཇེ་ཆེར་ཕྱིན་ཡོད། འབྲོག་པས་དགུན་དུས་ཕྱུ་པ་སློག་ཆེན་དང་ཝ་ཞྭ་སོགས་གྱོན་རྒྱུར་དང་དོད་བྱེད་པ་དང་དབྱར་ཁར་ཚར་རུ་སོགས་པགས་པ་སྲབ་རིགས་ཀྱི་སློག་པ་གྱོན་པ་དང་ཕོ་མོ་ཁྱད་མེད་ཀྱིས་ཕུ་ཐུང་གཡས་པ་དང་ཡང་ན་གཉིས་ཀ་ཕུད་ནས་ཚ་བ་བསལ་བ་རེད།།
རྩོམ་སྒྲིག་པས་བསྡུས།