国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་སུམ་རྩེན་ཚོགས་པའི་རྐང་དཔོན་པདྨ་རྡོ་རྗེ་ དང་ཐུག་འཕྲད་གནང་།

སྤྱི་ཟླ8ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་འདབ་པ་རྫོང་ཉི་སྟེན་གྲོང་ཚོར་སུམ་རྩེན་ཚོགས་པའི་རྐང་དཔོན་པདྨ་རྡོ་རྗེ་དང་ཐུག་འཕྲད་གནང་ཞིང་། ཕྱོགས་གཉིས་པོས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་དཀར་མཛེས་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་གཏོད་པར་རོགས་དན་བྱེད་པ་སོགས་ལ་དམིགས་ནས་སྤེལ་རེས་གནང་བ་རེད།

ཧྲེན་དབྱང་གིས་པདྨ་རྡོ་རྗེ་སླེབས་པར་དགའ་བསུ་ཞུས་པ་དང་། སུམ་རྩེན་ཚོགས་པ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་ཤིང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་འགྲོ་ཚུལ་སོགས་ནས་ངོ་སྤྲོད་མདོར་བསྡུས་གནང་བ་རེད། ཁོང་གིས་ཉི་སྟེན་གྲོང་སྡེ་གསར་དུ་བཙུགས་ནས་ལོ་གཉིས་རིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དོ་ཁུར་དང་རྒྱབ་སྐྱོར་འོག་དང་། སུམ་རྩེན་ཚོགས་པ་གཙོས་པའི་སྤྱི་ཚོགས་ལས་རིགས་ཁག་གི་རོགས་རམ་ཤུགས་ཆེན་འོག་དཀར་མཛེས་ཁུལ་གྱིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱས་ཏེ། གངས་རི་དང་གནའ་དཔྱད། གནམ་དཔྱད་བཅས་ཀྱི་ཐོན་ཁུངས་གཅིག་གྱུར་གྱིས་བེད་སྤྱད་ནས། རྒྱལ་སྤྱིའི་སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་གྱི་ས་རྟགས་གསར་པ་མགྱོགས་མྱུར་གཏོད་པ་དང་། ཉི་སྟེན་གྲོང་ཚོའི་སྤྱི་ཡོངས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་ཤུགས་ཆེ་ཞིང་། ལྗོངས་ཁུལ་གྱི་ཡིད་དབང་འགུག་ནུས་དང་སྙན་གྲགས་དེ་བས་ཆེ་རུ་ཕྱིན་ཡོད། སུམ་རྩེན་ཚོགས་པས་ཉི་སྟེན་གྲོང་ཚོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་དང་ཉི་སྟེན་ལྗོངས་ཁུལ་གྱི་རྒྱང་རིང་འཆར་འགོད་ལ་བཏོན་པའི་རྩ་ཆེའི་གྲོས་འགོ་དང་བསམ་འཆར་གྱིས་དཀར་མཛེས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་བསམ་ཕྱོགས་དང་འདུ་ཤེས་གསར་པ་བཏོན་ཡོད།

ཧྲེན་དབྱང་གིས་ནན་གསུང་གནང་དོན། དཀར་མཛེས་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་ཏེ་ཁེ་ལས་སྣ་ཚོགས་ཀྱིས་རང་ཁུལ་དུ་ལས་རིགས་དར་སྤེལ་དང་མ་འཇོག་བྱ་བར་ཞབས་ཞུའི་འགན་ལེན་ཡག་པོ་སྒྲུབ་བཞིན་ཡོད། ཁ་དན་ཚིག་གནས་དང་སྟོབས་ཤུགས་ཆེ་བ། བརྩེ་སེམས་ལྡན་པའི་ཁེ་ལས་བཅས་ཁུལ་ཡོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན། སུམ་རྩེན་ཚོགས་པ་དང་ཡུལ་མིའི་གནས་ཚང་སྤུས་དག་གཏོད་པ་དང་། སྐྱེ་ཁམས་ཡུལ་སྐོར་གསར་སྤེལ། ལོ་རྒྱུས་རིག་གནས་རྒྱུན་འཛིན་སོགས་ནས་མཉམ་ལས་སྔར་བས་རྒྱ་ཆེར་བཏང་ནས་ཤམ་བྷ་ལའི་ཡུལ་སྐོར་མུ་ཁྱུད་ཆེན་པོ་དང་ཧི་མ་ལ་ཡའི་རིག་གནས་མུ་ཁྱུད་མཉམ་དུ་སྤེལ་བའི་རེ་བ་ཡོད།

པདྨ་རྡོ་རྗེས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ལྷག་པར་དུ་རིག་གནས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་པ་དང་།དཀར་མཛེས་ཁུལ་གྱིས་སུམ་རྩེན་ཚོགས་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་གཏོད་པའི་གོམ་སྟབས་བརྟན་ཞིང་སྒུལ་ཤུགས་ཆེ་བ། ལྷག་པར་དུ་འདབ་པ་ཉི་སྟེན་སོགས་ཁུལ་ནང་ཁུལ་གྱི་ལྗོངས་ཁུལ་གལ་ཆེན་འཕེལ་རྒྱས་མྱུར་པོར་ཕྱིན་ནས་ཡུལ་སྡེ་དར་རྒྱས་གཏོང་བར་ནན་བསྐུལ་དང་། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད་ཅེས་བཤད་པ་རེད།

ཁུལ་མགོ་ཁྲིད་ཡོན་མིང་ཀོང་དང་ཁྲེན་པོ་ཐའོ། འདབ་པ་རྫོང་དང་ཉི་སྟེན་ལྗོངས་ཁུལ་དོ་དམ་ཅུས། ཉི་སྟེན་ཡུལ་སྐོར་མ་འཇོག་ཚད་ཡོད་སྤྱི་གཉེར་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཐུག་འཕྲད་ནང་ཞུགས་པ་རེད།

( ནོར་བུས་བསྒྱུར།)