国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






(པར་ངོས་དང་པོར་མཐུད།)

1991ལོར། ལག་བསྐོར་ཁ་པར་གྱི་ལོ་རྒྱུས་ཀྱང་རིམ་བཞིན་མཚམས་བཞག་པ་དང་། ཁུལ་ཡིག་ཟམ་གློག་འཕྲིན་ཅུས་ཀྱི་གློག་འཕྲིན་ཐོག་རྩེག་ཁང་ཆེན་བསྐྲུན་ནས་བེད་སྤྱོད་པ་དང་དུས་མཉམ་དུ་མདོ་གྲོང་ནང་གི་ཁ་པར་རང་འགུལ་བརྗེ་རེས་སྒྲིག་ཆས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། དར་མདོ་གྲོང་མིའི་ཁ་པར་མིས་བརྗེས་ཁ་པར་མཐུད་ཆས་ནས་ཐད་གཏོང་ཁ་པར་དུ་བསྒྱུར། ལོ་དེའི་ཟླ་བ12ཚེས31ཉིན་དར་མདོ་གྲོང་མཁར་རྒྱལ་ཡོངས་ཀྱི་ཐག་རིང་ཁ་པར་ཐད་གཏོང་དྲ་བར་དངོས་སུ་ཞུགས་པ་དང་། གྲོང་མི་ཚོས་ཁྱིམ་གྱི་ཁ་པར་བརྒྱུད་དེ་རྒྱལ་ནང་གི་ཁ་པར་གང་རུང་ནས་ཕ་རོལ་གྱི་གཉེན་ཉེ་དང་འབྲེལ་བ་བྱས་ཐུབ་པར་བྱུང་།

ཐག་རིང་འཕྲིན་གཏོང་ལག་རྩལ་རིམ་འཇུག་རིམ་འཕར་བྱུང་བ་དང་བསྟུན་ནས། 1987ལོར་རང་རྒྱལ་གྱི་ལད་ཟློས་སྒུལ་བདེའི་ཁ་པར་དྲ་བ་ཐོག་མ་དེ་ཀོང་ཀྲོའུ་རུ་སྤྱོད་ཐུབ་པ་དང་། རང་རྒྱལ་དངོས་སུ1Gསྒུལ་བདེའི་འཕྲིན་གཏོང་དུས་རབས་སུ་སླེབས་ཤིང་། ཏ་ཀོ་ཏ་དང་། འབོད་ཆས། བདེ་འཕྲིན། རིག་ནུས་ལག་ཐོགས་ཁ་པར་སོགས་སྒུལ་བདེའི་འཕྲིན་གཏོང་ཡོ་བྱད་ཀྱང་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། དུས་རབས་ཀྱི་མགྱོགས་མྱུར་འཕེལ་རྒྱས་ཁྲོད་དྲྭ་སྦྲེལ་ཡང་གློག་ཀླད་སྣེ་ནས་ཚང་མའི་ལག་ཐོགས་ཁ་པར་གྱི་སྣེར་སྦྲེལ་ཐུབ་ཡོད།

2015ལོའི་ཟླ་བ6ཚེས1ཉིན་དཀར་མཛེས་ཁུལ་གྱིས“འོད་ཤུགས་དྲ་བ་ཡོངས་ཁྱབ་ཁུལ”བསྐྲུན་པ་དེ་ནི་རང་ཁུལ་གྱི་འཕྲིན་གཏོང་འཕེལ་རྒྱས་ལོ་རྒྱུས་ཐོག་གི་བཀྲག་མདངས་འཚེར་བའི་གྲུབ་འབྲས་ཤིག་ཡིན་པ་སྨོས་མེད་རེད། ཉིན་དེར་སེར་ཤུལ་རྫོང་གི་སྲོལ་རྒྱུན་བསྒྲིགས་འཛིན་སྒྲིག་ཆས་དངོས་སུ་དྲ་བའི་གློག་སྒོ་ནས་ཕྱིར་འཐེན་པ་དང་ཆབས་ཅིག་རྫོང་དེ“འོད་ཤུགས་དྲ་བ་ཡོངས་ཁྱབ”ཀྱི་དུས་རབས་གསར་པ་ཞིག་ཏུ་སླེབས་པར་མ་ཟད། རང་ཁུལ་ཡང“འོད་ཤུགས་དྲ་བ་ཡོངས་ཁྱབ་ཁུལ”གྱི་གྲལ་དུ་དངོས་སུ་སླེབས་པ་རེད།

བྱ་སྤྱོད་རླབས་ཆེན་དེ་ལེགས་སྒྲུབ་བྱ་ཆེད། ཀྲུང་གོ་གློག་འཕྲིན་དཀར་མཛེས་ཁུལ་ཡན་ལག་སྤྱི་གཉེར་ཁང་གིས2013ལོ་ནས་བཟུང་དུས་མཚམས་བཞི་ལ་བགོས་ནས་འོད་ཤུགས་དྲ་བ་ཡོངས་ཁྱབ་འཛུགས་སྐྲུན་དང་ལོ་གཉིས་རིང་འབད་བརྩོན་བྱས་པར་བརྒྱུད་རི་མཐོ་ལམ་གཟར་དང་། རང་བྱུང་ཆ་རྐྱེན་ཞན་པ། ཨར་ལས་མཐུན་སྦྱོར་གྱི་དཀའ་ངལ་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་དཀར་མཛེས་ཁུལ་གྱི་འོད་ཤུགས་དྲ་བ་ཡོངས་ཁྱབ་ཁུལ་བསྐྲུན་ནསADསྤྱོད་མཁན་བརྒྱ་ཆ90ཡན་དང་ལས་རིགས་སྤྱོད་མཁན་བརྒྱ་ཆ100སྤོ་བསྒྱུར་བྱས་པ་རེད།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ཁུལ་འཕྲིན་གཏོང་འཕེལ་རྒྱས་གཞུང་དོན་ཁང་གིས་ཁུལ་ནང་ཁུལ་གྱི་འཕྲིན་གཏོང་ཁེ་ལས་བསྡུས་ཏེ་རིམ་རྩིས་བྱས་ན་སྲིད་འཛིན་གྲོང་ཚོ2085ཡི་འོད་སྐུད་ཡངས་ལམ་གསར་སྐྲུན་དང་སྒྱུར་བཀོད་ལེགས་གྲུབ་བྱུང་བ་དང་། གཙོ་གནད་འཕྲིན་ལམ330དང་སྲིད་འཛིན་གྲོང་ཚོ923གྱི་ཁྱོན4Gསྦྲེལ་ཚུགས1493བསྐྲུན་ནས་གྲོང་ཚོ་དབུལ་པོ1360ཀྱི“གཅིག་དམའ་ལྔ་ཡོད”ཁྲོད་ཀྱི“འཕྲིན་སྐྱེལ་དྲ་བ་ཡོད་པ”ཡི་དམིགས་འབེན་ལོ་གཉིས་སྔར་སྣུར་ནས་ལེགས་གྲུབ་བྱུང་བ་དང་། ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་འོད་སྐུད་འཕྲིན་གཏོང་ཐུབ་ཚད་དང4Gདྲ་བའི་ཁྱབ་ཚད་བརྒྱ་ཆ100ལ་ཟིན་པ་རེད། བྱེད་ཐབས་རབ་དང་རིམ་པ་དེས་དཀར་མཛེས་ཀྱི་འཕྲིན་གཏོང་རྨང་གཞི་དྲ་བའི་འོད་སྐུད་ཁྱིམ་ཚང་དུ་སླེབས་པ་དང་། ཀྲའོ་བརྒྱ་ཁྱིམ་ཚང་དུ་གཏོང་བ་དང་། ཀྲའོ་སྟོང་སྲིད་གཞུང་དང་ཁེ་ལས་སུ་གཏོང་བ་བཅས་མངོན་འགྱུར་བྱུང་ནས་ཆ་འཕྲིན་ཅན་འཛུགས་སྐྲུན་གྲུབ་འབྲས་ཀྱིས་དམངས་འཚོ་ལ་སྔར་བས་ཕན་པ་ཐོབ་པ་རེད།

2019ལོའི་ཟླ་བ4ཚེས25ཉིན་དཀར་མཛེས་ཁུལ་གྱི5Gསྦྲེལ་ཚུགས་ཐོག་མ་དངོས་སུ་བསྐྲུན་ཏེ་གཏོང་ཐུབ་བྱུང་ནས་ཞིང་ཆེན་ཡོངས་དང་མཉམ་དུ5Gདུས་རབས་སུ་སླེབས་པ་རེད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད། དཀར་མཛེས་ཁུལ་ཡོངས་ཀྱི་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་བ་དང་། རང་ཁུལ་གྱིས་མྱུར་མོ་དང་བདེ་འཇགས་ཀྱི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་གསར་པ་བསྐྲུན་ནས་དྲ་བ་ཅན་དང་། རིག་ནུས་ཅན། ཞབས་ཞུ་ཅན། མཐུན་སྦྱོར་ཅན་བཅས་ཀྱི་དེང་རབས་དྲྭ་སྦྲེལ་ཐོན་ལས་མ་ལག་ཆགས་ཡོད།

འཕྲིན་གཏོང་བརྡ་རྟགས་ཡོད་པ་ནས་

ཡུལ་སྡེ་དར་རྒྱས་ཀྱི་གྲས་སུ་སླེབས།

འཕྲིན་གཏོང་བརྡ་རྟགས་སྒྲིག་ཆས་ཀྱི་མཐའ་མའི་སྙོམ་སྒྲིག་ཚོད་ལྟ་ལེགས་གྲུབ་བྱུང་ཤིང་། 2024ལོའི་ཟླ་བ6པར་དར་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་ཏན་ཏན་རི་བོའི་སྦྲེལ་ཚུགས་སྒྲིག་ཆས་བདེ་བླག་ངང་བཙུགས་པ་དང་། དབྱར་རྩྭ་དགུན་འབུའི་རི་བོ་ཐོག་གི་4Gབརྡ་རྟགས་དངོས་སུ་སྦྲེལ་མཐུད་བྱུང་ཡོད་པ་རེད།

དར་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་ཏན་ཏན་རི་བོ་ནི་ས་བདེ་གྲོང་ཚོ་དང་གསེར་འགོ་གྲོང་ཚོ། ཝ་ཡོད་གྲོང་ཚོ་བཅས་ཀྱི་དུད་ཚང200ལྷག་གི་དབྱར་རྩྭ་དགུན་འབུ་རྐོ་ས་ཡིན། འོན་ཀྱང་ཏན་ཏན་རི་བོའི་གཅིག་སྡུད་སྡོད་གནས་སུ་ལོ་ལྟར་འཕྲིན་གཏོང་དྲ་བ་མེད་པས་མི་ཚང་མ་རི་ལ་འཛེགས་མ་ཐག་ཕྱིར་འབྲེལ་ཆད་ཀྱི་ཡོད། གནད་དོན་དང་འཕྲད་ཚེ་སྡོད་ཡུལ་དང་བར་ཐག་སྤྱི་ལེ10ལྷག་ཡོད་པའི་སར་སོང་ན་ད་གཟོད་བརྡ་རྟགས་ཞན་ཙམ་ཡོད་པར་སླེབས་ནས་རི་འདབས་ཀྱི་ཁྱིམ་མི་དང་འབྲེལ་བ་བྱེད་ཀྱི་ཡོད།

2024ལོའི་ཟླ་བ3པར་ཏན་ཏན་རི་བོའི་སྦྲེལ་ཚུགས་འཛུགས་སྐྲུན་བྱེད་འགོ་བཙུགས་ཤིང་། ཉིན70རིང་ལ་དཀའ་ལས་བརྒྱབ་རྗེས་ཏན་ཏན་རི་བོར་སྒུལ་བདེའི་འཕྲིན་གཏོང་བརྡ་རྟགས་བཏང་ནས་རྒྱ་ཁྱོན་སྤྱི་ལེ6ལ་ཁྱབ་ཐུབ་པར་བྱུང་སྟེ། ད་ལོའི་དབྱར་རྩྭ་དགུན་འབུའི་དུས་ཚིགས་སུ་འཕྲིན་གཏོང་གི་སྟོང་ཆ་བསྐངས་ནས་མང་ཚོགས་ལ་དབྱར་རྩྭ་རྐོ་རིང་ལེགས་སྐྱེས་ཡག་ཤོས་ཤིག་ཕུལ་བ་རེད།

མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་ཞིང་སྡེའི་དྲ་བའི་བརྡ་རྟགས་ཇེ་ལེགས་སུ་བསྐུལ་ཆེད། 2023ལོའི་ཟླ་བ6ཚེས15ཉིན་ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅུས་གིས་ཁུལ་འཕྲིན་གཏོང་འཕེལ་རྒྱས་གཞུང་དོན་ཁང་དང་མཉམ་འབྲེལ་སྒྲིག་འཛུགས་བྱས་ནས2023ལོའི་དཀའ་ངལ་ཆེ་བའི་ས་ཁུལ་དུ་དྲ་བའི་ཞན་ཆ་ཁ་གསབ་ཀྱི་བྱ་སྤྱོད་སྤེལ་ཏེ་ཁྱོན་ས་ཚུགས191(གློག་འཕྲིན81དང་། སྒུལ་བདེ90དང་། སྦྲེལ་མཐུད20)འཛུགས་སྐྲུན་བྱས་པ་དང་། དེའི་ནང་རྒྱལ་ལམ318 དང་། རྒྱལ་ལམ227དང་། ཞིང་ཆེན་གཞུང་ལམ462སོགས་ལམ་རྒྱུད་ཀྱི་ས་ཚུགས་གཙོ་བོ94དང་། ཐག་རིང་གི་འབྲོག་ར་སོགས་སུ་ས་ཚུགས97 བསྐྲུན་པ་རེད།

2021ལོར་ཁུལ་ཡོངས་ཀྱི་ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་ཁྱབ་པའི་ལས་གྲྭའི་གྲོང་ཚོ་རིམ་པའི་ཞིང་ལས་ཁེ་ཕན་ཁང་ཁྱོན་ས་ཚུགས999དྲྭ་ཐོག་གི་ཞིང་ལས་ཁེ་ཕན་ཞབས་ཞུའི་ལས་སྟེགས་བརྒྱུད་དེ་བེད་སྤྱོད་གཏོང་འགོ་བཙུགས་པ་དང་། དྲྭ་འོག་གི་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚུགས་དང་ཟུང་འབྲེལ་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་གྲོང་ཚོ་དང་དུད་ཚང་དུ་ཁྱབ་པའི་སྤྱི་ཕན་ཞབས་ཞུ་དང་། དམངས་བདེ་ཞབས་ཞུ། གློག་རྡུལ་ཚོང་དོན་ཞབས་ཞུ། དྲྭ་ཐོག་སློབ་སྦྱོང་བཅས་ཕྱོགས་བཞིའི་ཐད་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱས་ནས་ཞིང་ལས་ཁེ་ཕན་ཆ་འཕྲིན་ཁང་དེ་ཞིང་སྡེའི་གྲོང་ཚོ་ཨུ་ལྷན་དང་། ཞིང་སྡེའི་ཚོང་ཁང་གཉེར་སྐྱོང་། ཞིང་ལས་ཐོན་རྫས་ཉོ་ཚོང་དུད་ཆེན་སོགས་དམངས་ཕན་གྱི་ཞིང་ལས་དཔལ་འབྱོར་གཙོ་བོའི་ཁྲོད་དུ་བཙུགས་ནས་ཞིང་སྡེའི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཐད་རོགས་རམ་བྱས། འདུ་འཛི་ཆེ་བའི་ཐད་གཏོང་ཁང་ནི་ཞིང་སྡེའི་ཐོན་ལས་འཕེལ་རྒྱས་དང་། ཡུལ་སྐོར་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་གཏོང་འཕྲུལ་ཆས་སུ་གྱུར་ནས་ཞིང་སྡེའི་མང་ཚོགས་ཀྱི་ཕྱུག་འགྱུར་སྒོ་མོ་ཕྱེ་བ་རེད།

ཉེ་བའི་ལོ་ཤས་རིང་ཁུལ་ལྕགས་སྒྲོམ་སྤྱི་གཉེར་ཁང་གིས་ཁུལ་ནང་ཁུལ་གྱི་གློག་འཕྲིན་རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན་དང་མཉམ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཁུལ་ནང་ཁུལ་གྱི་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་དེ་དེ་སྔའི་གློག་འཕྲིན་ཁེ་ལས་གསུམ་གྱིས་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་པ་ནས་ལྕགས་སྒྲོམ་གྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་འཛུགས་སྐྲུན། ཐོན་ཁུངས་མཉམ་སྤྱོད་བཅས་སུ་བསྒྱུར་ཡོད། ལྕགས་སྒྲོམ་མཉམ་སྤྱོད་བྱེད་ཚད2015ལོའི་གོང་གི་བརྒྱ་ཆ7ནས་ད་སྔའི་བརྒྱ་ཆ43བར་མཐོ་རུ་ཕྱིན་ཏེ་ལས་རིགས་ཀྱི་མ་རྩ་ཆག་པ་དང་། ཁེ་ལས་ཀྱི་ཕན་འབྲས་ཆེ་རུ་སོང་བ། དམངས་འཚོར་ཕན་ཐོགས་པ་བཅས་མངོན་དུ་གྱུར་ཡོད། ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་གཅིག་གྱུར་འཆར་འགོད་བྱས་པར་བརྒྱུད་ཁུལ་ནང་ཁུལ་གྱི་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་བྱ་རྒྱུ་དེ་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུ་ཞིག་ཏུ་གྱུར་ཡོད་པ་རེད།།

( ནོར་བུས་བསྒྱུར།)