国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རོང་བཙན་ཁ་བ་དཀར་པོ་མཇལ་བ།

ལྷད་མེད་ལྷ་ཡི་གངས་རྒན།།

རི་ཆུའི་བར་ན་བཞུགས་ཡོད།།

སེམས་ཀྱི་དད་ལམ་རིང་མོ།།

གངས་ཀྱི་རི་ལ་བཅོལ་ཡོད།།

རོང་བཙན་ཁ་བ་དཀར་པོ།།

རྨི་ལམ་ཞིང་དུ་ཕེབས་བྱུང་།།

རྨི་ལམ་སེམས་སུ་སྦྱར་ཞིང་།།

སེམས་པ་རི་ལ་བཅོལ་ཡོད།།

སེམས་ཀྱི་འདུན་པ་ཟབ་མོ།།

མི་རྟག་བཞིན་དུ་བརྡོལ་བྱུང་།།

རོང་བཙན་ཁ་བ་དཀར་པོ།།

མཇལ་བའི་ལས་ལ་རྒྱུ་ཡོད།།

གངས་ཀྱི་པདྨའི་གདན་ལ།།

གངས་ཀྱི་འདབ་མ་སེར་པོ།།

སྤྱན་ཟུང་ལམ་དུ་སིམ་བྱུང་།།

ཆུ་ཤེལ་མུ་ཏིག་འབར་བའི།།

རོང་བཙན་ཁ་བ་དཀར་པོ།།

མཐོ་རིམ་ངང་དུ་ལུས་ཡོད།།

ཆུ་ཡི་མཛེས་སྡུག་བཙལ་ཏེ།།

གངས་ཀྱི་རི་མོ་མཇལ་སོང་།།

དད་པའི་མིག་ཆུ་ཤོར་ཏེ།།

ཁ་བའི་རྨི་ལམ་མཇལ་ཡོད།།

ཁ་བའི་གངས་རི་བསྐོར་ཏེ།།

ཁ་བའི་ལོ་རྒྱུས་མཇལ་བྱུང་།།

གངས་ཀྱི་འདབ་མ་ངོས་སུ།།

བརྗེད་མེད་རི་མོ་བྲིས་ཡོད།།

གནས་ཆེན་ཁ་བ་དཀར་པོ།།

སྒོ་གསུམ་ངང་དུ་ལུས་ཡོད།།

སེམས་ཀྱི་རྨི་ལམ་འཇམ་པོ།།

མཇལ་བའི་སྐལ་བ་ལྡན་ནོ།།

གནམ་སའི་བར་སྣང་ཞིང་དུ།།

གངས་རི་ཤེལ་གྱི་མཆོད་རྟེན།།

བསང་གི་དུ་ལེབ་མཐོངས་སུ།།

གནས་ཆེན་ཁ་བ་དཀར་པོ།།

མིག་གི་ཡུལ་དུ་ཕེབས་བྱུང་།།

སེམས་ཀྱི་ཞིང་ལ་འབབ་བྱུང་།།

གངས་ཀྱི་རྗེས་ཤུལ་མཇལ་བཞིན།།

དད་པའི་དབྱངས་རྟ་འཐེན་ཡོད།།

ཁ་བའི་གངས་ཆུ་འཐུང་བཞིན།།

སྨོན་པའི་དད་ཕྱག་ཕུལ་ཡོད།།

ཐལ་མོ་སྙིང་གར་སྦྱོར་བཞིན།།

འགྲུབ་པའི་སྨོན་ལམ་བརྒྱབ་ཡོད།།

དད་སེམས་རྔུལ་ཆུ་ཟགས་ཏེ།།

རྗེས་དྲན་ལོ་རྒྱུས་བཞག་ཡོད།།

གོམ་གསུམ་སྔོན་དུ་བཞག་སྟེ།།

ཕྱིར་མིག་རྨི་ལམ་འཕེན་ཡོད།།

ཟིན་བྲིས་ཚིག་གསུམ་ཕབ་སྟེ།།

སླར་མཇལ་སྨོན་ལམ་ཞུས་ཡོད།།

༼ བཞག་ཚ། ༽