国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔལ་ཡུལ་རྫོང་གིས་ཤེས་ལྡན་མི་སྣར་ལས་སྒྲུབ་ལས་གཏོད་ཀྱི་སྟེགས་བུ་བསྐྲུན།

ཞོགས་པར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་གཙང་མདོ་ཡུལ་ཤོག་ཨ་ཟེར་གྲོང་སྡེའི་ནགས་རྣ་རྟེན་གཞིར། ཡུལ་མི་ཚོ་བྲེལ་བ་འཚུབ་འཚུབ་ངང་ནགས་རྣ་ལ་ཁུག་མ་སྐོན་བཞིན་ཡོད། རྟེན་གཞིར་གླ་པ་ཡོང་མཁན་དམའ་ནག་གྲོང་སྡེའི་ཡུལ་མི་ཨ་ཤར་གྱིས་རྟེན་གཞིར་ལས་ཀ་ལས་དུས་ཡོང་འབབ་བརྟན་པོ་ཡོད་པའི་ཁར་ད་དུང་འདེབས་འཛུགས་ཀྱི་ལག་རྩལ་ཡང་སྦྱོང་ཐུབ་ཀྱི་ཡོད་ཅེས་བཤད། ནགས་རྣ་རྟེན་གཞི་བཙུགས་ནས་ལོ་གཅིག་ལྷག་སོང་བ་ནས་བཟུང་། ད་གནས་དེ་གར་དཔལ་འབྱོར་ཕན་འབྲས་སྒོར་ཁྲི7ལྷག་རག་ནས་ཡུལ་མི་ཚོ་སྒོ་འགྲམ་ནས་ལས་ཞུགས་ཐུབ་པར་རོགས་རམ་ཐུབ་ཡོད།

ཉེ་བའི་ལོ་ཤས་རིང་། དཔལ་ཡུལ་རྫོང་གིས་ཤེས་ལྡན་མི་སྣ་ནང་འདྲེན་དང་རང་ཡུལ་ཤེས་ལྡན་མི་སྣ་གསོ་སྐྱོང་ཟུང་དུ་སྦྲེལ་བའི་ལས་སྟངས་རྒྱུན་འཁྱོངས་ཤིང་། དམིགས་འཛུགས་འབྲེལ་གཏུག་དང་རྒྱུན་ལྡན་བཅར་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཕྱི་ཕྱོགས་ཤེས་ལྡན་མི་སྣའི་ལས་སྒྲུབ་ལས་གཏོད་དང་རང་ཡུལ་དུ་ལོག་པའི་འདོད་མོས་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་ནས། ཤེས་ལྡན་མི་སྣ་ཕུལ་བྱུང་རང་ཡུལ་དུ་ལོག་ནས་མ་རྩ་འཇོག་པ་དང་ལས་ལམ་གཏོད་པར་སྐུལ་མ་བྱས་པ་རེད། དུས་མཉམ་དུ་རང་ཡུལ་ཤེས་ལྡན་མི་སྣའི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཞིང་། མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས་དུས་ལྟར་ཞིང་ལས་ཚན་རྩལ་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་ཤེས་ལྡན་མི་སྣ་གསོག་ཉར་བྱས་ཡོད།

ཤེས་ལྡན་མི་སྣར་ལས་སྒྲུབ་ལས་གཏོད་ཀྱི་སྟེགས་བུ་སྐྲུན་ཆེད། དཔལ་ཡུལ་རྫོང་གིས་ད་དུང་ཁྱད་ཆོས་ཐོན་ལས་སྣེ་ཁྲིད་དུ་བྱས་པའི་ཐོན་ལས་རྟེན་གཞི་འཛུགས་ཤུགས་ཆེ་རུ་བཏང་ཡོད། ད་ཆར་ནོར་གནག་དང་ནས། ལག་རྩལ་ཐོན་རྫས། སྨན་རྫས་སོགས་ཁྱད་ཆོས་ཐོན་ལས12ཆགས་ཡོད། བསྡོམས་རྩིས་ལས་མངོན་པ་ལྟར་ན། 2022ལོ་ནས་བཟུང་དཔལ་ཡུལ་རྫོང་གིས་ཤེས་ལྡན་མི་སྣ་ཕུལ་བྱུང130ལྷག་ནང་དུ་དྲངས་ནས་གྲོང་སྡེ་དང་སྤྱི་ཁུལ་དུ་འགན་འཁུར་བཞིན་ཡོད་ལ། སློབ་ཆེན་མཐར་ཕྱིན་སློབ་མ50ཡིས་སྤྱི་ཁུལ་དུ་ལས་སྒྲུབ་པའི་འགན་འཁུར་བཞིན་ཡོད་པ་རེད།། (སྐལ་ཐུབ་ཀྱིས་བསྒྱུར། )