དཔྱིད་གསུམ་པད་ཁའི་མེ་ཏོག་བརླན་དང་ཆར་གྱིས་གསོས།།
དབྱར་གསུམ་ལོ་ལེགས་མེ་ཏོག་སྐྱི་བསེར་རླུང་གིས་གཡོས།།
སྟོན་གསུམ་འབྲས་བཟང་དགའ་སྟོན་ལྷ་ཀླུའི་དཔལ་དང་མཉམ།།
དགུན་གསུམ་ཁ་བའི་མེ་ཏོག་ཞིང་གི་རྒྱན་དུ་བཞད།།
མཐོང་གཤོལ་ཤེད་ཀྱིས་འདྲུད་པའི་མཛོ་དྲེལ་རྟ་ཕོ་དྲན།།
རྗེས་སུ་ནན་གྱིས་འཇུག་པའི་སྤོ་བོ་ཨུ་རྒྱན་དྲན།།
ཞིང་ལ་དྲས་ཤལ་བརྒྱབ་ཀྱང་ཤལ་ལ་ཙོག་པ་དྲན།།
དྲེལ་རྒན་དངངས་མ་འཚུབ་ཀྱིས་ང་རང་ལྷུང་བ་དྲན།།
སྤོ་བོའི་ཕྱག་ཟུང་འཁོར་ལོས་ས་བོན་གཏོར་བ་དྲན།།
ངས་ཀྱང་ལད་མོའི་ཚུལ་གྱིས་ཅུང་ཟད་བརླགས་པ་དྲན།།
ཁྱིམ་མིའི་དགོད་སྒྲ་ལྷང་ལྷང་ལས་ཀར་འཇུས་པ་དྲན།།
དེ་དུས་སྣང་ཚུལ་དེ་དྲན་སེམས་པ་སྐྱོ་བས་ཁེངས།།
འབྲུ་ལྔའི་ལོ་ལེགས་སྨིན་པས་འཛུམ་པའི་པད་མོ་བཞད།།
ངལ་བའི་རྔུལ་ཆུ་ཐོར་ཡང་སྟོན་བསྡུའི་ལས་ལ་བྲེལ།།
བདག་གི་ཁྱིམ་མི་རྣམས་ཀྱང་སྤྲོ་བའི་སེམས་གཏོས་ཏེ།།
ཟོར་བའི་ཡུ་ལ་འཇུས་ནས་ཞིང་གི་དཀྱིལ་དུ་འཐིམ།།
ངས་ནི་ཡུངས་དཀར་ཁོ་ན་ཟོར་བས་འབྲེག་ཙམ་བྱས།།
ནས་ནི་འབྲེག་ཏུ་མི་རུང་ཞེས་སུ་ཁྱིམ་མིས་བཀག །
ངས་ཀྱང་སྙེ་མར་སྐྲག་པའི་ཟོལ་གྱིས་ནས་ཞིང་བསྐྱུར།།
མདོར་ན་རྩེད་མོའི་རླབས་ཀྱི་རྒྱུན་དང་ལྷན་དུ་རྒྱུ།།
ཤོག་གི་ཕོན་པོ་ལྟར་དུ་བསྒྲིགས་པས་ཁྱི་དང་ང་ཡིས་མལ་ས་བརྩད།།
སྟོད་ཀྱི་ཞིང་ཚུགས་གོང་མའི་ནང་ནས་ང་དང་ཨ་ཅེས་སྲན་མ་བརྐུས།།
ཁ་ངོ་ལག་པ་སྐྱག་རའི་ཁེངས་ཤིང་སྣབས་དང་ལྷན་དུ་ཤ་སྐམ་འཆོས།།
ང་ཡི་བྱིས་དུས་ཞིང་ཁའི་འཚོ་བ་སྤྲོ་བས་ཁྱབ་ཀྱང་འཛུམ་གྱིས་ཁེངས།།
བོང་བུས་ཤེད་ཀྱིས་ཤིང་རྟ་དྲུད་ཅིང་ཤིང་རྟའི་ནང་ལ་ཤོག་དག་བརྩིགས།།
ཤིང་རྟའི་ཁ་ལོ་སྤོ་བོས་བྱས་ཏེ་དྲུད་པའི་ཤོག་དག་གཡུལ་སར་སྤུངས།།
གནམ་གཤིས་ཆ་རྐྱེན་རྒྱན་དུ་ཤར་པའི་ཉིན་བཟང་ཞིག་ལ་བཟའ་མི་ཚོས།།
བྲེགས་པའི་ཤོག་དག་གཡུལ་ཁར་གྲམ་སྟེ་གཡུལ་ཁ་གཅོག་པའི་ལས་འགོ་རྩོམ།།
རྡོ་རིལ་སྔོ་ཆུང་ཤུགས་ཀྱིས་དྲུད་དེ་ལག་སྐྱོར་འཕྲུལ་འཁོར་རྐུབ་ལ་བཏེགས།།
དུ་སྨུག་ལང་ལོང་མཁའ་རུ་ཁྱབ་ཅིང་གཡུལ་ཁ་བསྐོར་ནས་འཁོར་སྐྱོད་བྱས།།
ང་དང་ཨ་ཅེ་ཧྲུག་ཧྥུར་ཙོག་སྟེ་འཁོར་བཞིན་འཁོར་བཞིན་གཉིད་ལྕོག་བརྒྱབ།།
ཡང་ནས་ཡང་དུ་གཡུལ་ལྕོག་བྱས་པས་འབྲུ་ཡི་མགོ་བོ་ཕལ་ཆེར་འཐོར།།
གཡུལ་ཁ་བཅགས་པའི་རྗེས་སོར་དེ་ལ་རྨོ་མོ་དང་བཅས་བུད་མེད་གཙོས།།
འབྲུ་ཡི་ཉིང་བཅུད་སྒྱེ་རུ་བཅུག་སྟེ་སྐྱེས་པ་དག་དང་ལྷན་ཅིག་ཏུ།།
ད་ལོའི་འབྲུ་རིགས་མཛོད་དུ་ཉར་ཏེ་འཇིག་རྟེན་འཚོ་བའི་སྒོ་སྲུང་ཞིང་།།
ལུས་སེམས་ངལ་དུབ་སེལ་བར་བྱས་ཏེ་འཚོ་བའི་གོམ་ཁ་དལ་ལ་ཕབ།།
ང་ཡི་བྱིས་དུས་འཚོ་བ་བསམས་ན་སེམས་ཀྱི་འཆར་སྒོ་ཇེ་ཡངས་རེད།།
ང་ཡི་བྱིས་དུས་རྣམ་པ་མཐོང་ན་མདུན་སྐྱོད་གོམ་ཁ་ཇེ་དམ་རེད།།
ང་ཡི་བྱིས་དུས་འདུན་པ་དྲན་ན་འཚོ་བའི་སྒུལ་ཤུགས་ཇེ་བརྟན་རེད།།
ང་ཡི་བྱིས་དུས་ངོ་གདོང་རིག་ན་ལང་ཚོའི་རྟ་ཕོ་ཇེ་མགྱོགས་རེད།།
༼ ཉག་ཕྲན། ༽