འདི་ནས་རི་ལུང་མང་པོའི་ཕ་རོལ་ན། །
ལོ་ཟླ་ཡུན་གྱིས་བཅད་པའི་ཞེ་སྙིང་མ། །
ད་དུང་ཡིད་ཀྱིས་བྲིས་པའི་ཚོར་རིས་སུ། །
དུང་སེམས་མཛེས་པའི་མེ་ཏོག་གཏན་དུ་གསོས། །
མི་ལོ་སེམས་ཀྱིས་སྦྲེལ་ནས་ནམ་ཟླ་བསྐྱལ། །
ཚོར་འདུ་ཡིད་ཀྱི་སྒུལ་ཤུགས་ཡང་ནས་གསོན། །
མཛའ་གཅུགས་གཏམ་གྱི་སྒོ་མོ་ཆད་མེད་ཕྱེ། །
མ་གྲོས་ལས་ཀྱིས་བཀོད་པའི་ཁྱོད་དང་ང་། །
ཞེ་སྣང་ཡུག་གཅིག་འདྲེས་ནས་ཕན་ཚུན་དུ། །
མཛའ་བ་ཆུ་གཙང་བྲན་ནས་དུང་ཞེན་གྱི། །
མཛེས་པའི་ཆུ་སྐྱེས་མེ་ཏོག་སིལ་མ་འདི། །
རབ་ཡངས་སྙིང་གི་ཚལ་ན་ཤར་འདི་སྤྲོ། །
མཁའ་ན་ལྷོག་ལྷོག་གཡོ་བའི་སྤྲིན་པ་བཞིན། །
སྙིང་གི་དམ་ཚིག་དཀར་པོ་ཁྱེར་ནས་ནི། །
ལས་ཀྱི་རླུང་གིས་སྤུར་བའི་མཁའ་དབྱིངས་སུ། །
ཁྱེད་དང་འུ་གཉིས་འདང་བརྩེ་དབྱེར་མེད་འཐིམ། །
ཚེ་རབས་ལས་ཉོན་ཀློང་དུ་སོང་བ་ཡིས། །
འཁོར་བ་སྡུག་གི་བཙོན་རར་ལན་བརྒྱར་སྐྱེས། །
ད་དུང་ཁྱོད་ལ་ཞེན་པའི་སྲེད་པ་འདིས། །
སླར་ཡང་འཇིག་རྟེན་ཁམས་སུ་འཚོ་དགོས་འདུག །
༼ རང་མདངས། ༽