རྒྱང་རིང་ངེས་མེད་ཀྱི་ཡུལ་གྲུ་འདི་ནས།།
ཁྱོད་ཉིད་གྱེས་པ་ཡི་སེམས་ངལ་འདི་དག།
སེམས་མེད་རླུང་བུ་འདི་གྲོགས་སུ་བཀུག་ནས།།
དྲན་པའི་གདུང་བ་འདི་ལྷག་མེད་སྨྲ་འདོད།།
ཁྲི་གདུགས་ཉི་མ་ཡི་ནུབ་རི་བརྒལ་ནས།།
སྐར་ཚོགས་ཕྲ་མོ་དག་དབྱིངས་སུ་འཚེར་ཏེ།།
དཀར་གསལ་ཟླ་བ་འདི་ལྷང་ངེར་མངོན་དུས།།
ཁེར་རྐྱང་སེམས་པ་འདི་ཅི་འདྲའི་སྟོང་བ།།
ཁ་བའི་མེ་ཏོག་དག་ལྷབ་ལྷུབ་བབས་ནས།།
ས་གཞི་རི་ལུང་ཀུན་ཉམས་དགའི་གནས་སུ།།
དྭངས་གཙང་དར་དཀར་པོ་ཡུག་གཅིག་ཁྱབ་དུས།།
སེམས་དཀར་བློ་དཀར་གྱི་ཁྱོད་རང་དྲན་ནོ།།
དགྱེས་ཞལ་ཟླ་བ་དེ་ཡིད་གར་འོང་བ།།
དབྱངས་རྟ་མཉེན་མོ་དེ་རྣ་བར་འཇེབས་པ།།
བདག་སེམས་འཇིག་རྟེན་གྱི་སྐྱེད་མོས་ཚལ་ནས།།
མདང་སུམ་གསར་སྐྱེས་ཀྱི་མདངས་ལྡན་མེ་ཏོག།
འཕྲུལ་སྣང་རྨི་ལམ་གྱི་སྒྱུ་མའི་གྲོང་ནས།།
ཁྱོད་ཉིད་མཇལ་བ་དེ་ལན་གཅིག་ཙམ་མིན།།
དྲན་བའི་གདུང་བ་འདི་གཟུགས་སུ་ཤར་ན།།
འཇིག་རྟེན་མི་ཡུལ་གྱི་ཁམས་སུ་མི་ཤོང་།།
དྭངས་གསལ་གཡུ་གདོག་གི་མཚོ་མོའི་ཁ་ན།།
རྒྱ་མཚོའི་རླབས་རིས་དང་འཁྱུག་རྩལ་ངོམ་བཞིན།།
མཛའ་གཅུགས་རིང་མོ་ཡིས་ཕན་ཚུན་སྦྲེལ་ནས།།
གསེར་མིག་ཉ་མོ་ཟུང་ལྷན་གཅིག་གནས་འདུག།
ཡར་གྱི་བྲག་དཀར་གྱི་བང་རིམ་དེ་ནས།།
འབྱུང་བཞིའི་རླུང་བུ་ཡིས་རྩལ་ལ་འགྲན་གྱིན།
མཐའ་མེད་ཨ་སྔོན་གྱི་དབྱིངས་རིམ་འོག་ནས།།
བྱ་ཁྱུ་ཟུང་གཅིག་དེ་ལྷོ་རུ་བཞུད་ཐལ།།
རྒྱང་རིང་ངེས་མེད་ཀྱི་བས་མཐའི་ཚལ་ནས།།
ཁེར་རྐྱང་སྐྱོ་བ་དེ་བཟོད་བསྲན་མ་ནུས།།
རྒྱང་བཞུད་སྤྲིན་དཀར་གྱི་ཚོམ་བུ་དེ་ལ།།
སེམས་ཀྱི་གསང་བ་ཡི་ཕོ་ཉར་བཏང་ཡོད།།
༼ ནོར་གླིང་འཆི་མེད། ༽