སྤྱི་ལོ1954ལོའི་ཟླ་བ8པའི་ཚེས23ཉིན་ལ《དར་མདོའི་གསར་འགྱུར》(《དཀར་མཛེས་ཉིན་རེའི་ཚགས་པར》གྱི་སྔ་མིང་།)ཀློག་པ་པོའི་སྤྱན་ལམ་དུ་བསྟར་ནས་ད་བར་ཏག་ཏག་ལོ70འཁོར་ཡོད། ལོ70ནི་མི་ལ་མཚོན་ན་རྒན་རྒོན་གྱི་གྲས་སུ་ཚུད་མོད། འོན་ཀྱང་བྱ་གཞག་ཅིག་གི་ངོས་ནས་བརྗོད་ན་དེ་ནི་དར་རྒྱས་ཆེ་བའི་དུས་དང་ཏག་ཏག་འཁེལ་ཡོད། 《དཀར་མཛེས་ཉིན་རེའི་ཚགས་པར》གྱི་མདུན་སྐྱོད་གོམ་པ་རེ་རེ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་ཐད་ཀར་འགོ་ཁྲིད། རྒྱ་ཆེ་བའི་ཀློག་པ་པོ་དང་གསར་འགོད་པའི་རྒྱབ་སྐྱོར་བཅས་དང་ཁ་འབྲལ་ཐབས་མེད་ལ། ཚགས་པར་ཁང་གི་ལས་སྒྲུབ་པ་མི་རབས་ནས་མི་རབས་བར་གྱིས་མཐུན་སྒྲིལ་རོགས་རེས་དང་འབད་བརྩོན་ལྷོད་མེད་བྱས་པ་དང་ཡང་ཁ་འབྲལ་ཐབས་མེད། དེ་རིང《དཀར་མཛེས་ཉིན་རེའི་ཚགས་པར》གསར་དུ་བཏོན་ནས་ལོ70འཁོར་བའི་ཉིན་མོ་ཡིན་པས་མ་ཚད། འཕྲིན་སྦྱོར་མཉམ་འདྲེས་ཀྱི་དུས་མཚམས་ཤིག་ལའང་འཁེལ་འདུག་པས། འདིར་ང་ཚོས་ལོ70རིང་ལ《དཀར་མཛེས་ཉིན་རེའི་ཚགས་པར》གོང་འཕེལ་ཡོང་བར་བྱས་རྗེས་འབུལ་མཁན་བློ་མཐུན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལོ་ངོ་བཅུན་ཅུར་འཕོ་འགྱུར་ཆེན་མོ་བྱུང་ཞིང་བགྲང་བྱ་བདུན་ཅུར་དཀའ་སྤྱད་འབད་བརྩོན་བྱས། དྲན་གསོ་འོས་པའི་ཉིན་མོ་འདིར་ང་ཚོས་ལོ་ངོ་བདུན་ཅུའི་ཀྱག་ཀྱོག་གི་བཞུད་ལམ་རིང་མོར《དཀར་མཛེས་ཉིན་རེའི་ཚགས་པར》གྱི་ལམ་རིམ་ལ་ཕྱི་མིག་ཐེངས་ཤིག་བལྟ།
《དཀར་མཛེས་ཉིན་རེའི་ཚགས་པར》གྱི་སྔ་མིང་ལ《དར་མདོའི་གསར་འགྱུར》ཟེར།
སྤྱི་ལོ1950ལོའི་ཟླ་བ3པར། ཀྲུང་གུང་ཀྲུང་དབྱང་ལྷོ་ནུབ་ཅུས་དང་ལྷོ་ནུབ་དམག་ཁུལ་ཁང་གིས་ཆོག་མཆན་བཀོད་པར་བརྒྱུད། ཀྲུང་གུང་དར་མདོའི་ས་ཁུལ་ཨུ་ལྷན་དང་དར་མདོ་ཡན་ལག་དམག་ཁུལ་བཙུགས་པ་གཡག་རྔ་ནས་ཁྱབ་བསྒྲགས་བྱས། ལོ་དེའི་ཟླ་བ11པར། ཞི་ཁམས་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཙུགས་པ་དང་། དེ་ནི་ཀྲུང་གོ་གསར་པ་བཙུགས་རྗེས་བཙུགས་པའི་ས་ཁུལ་རིམ་པའི་མི་རིགས་ས་ཁོངས་རང་སྐྱོང་སྲིད་དབང་དང་པོ་ཡིན། ཀྲུང་གུང་དར་མདོ་ས་ཁུལ་ཨུ་ལྷན་བཙུགས་རྗེས་རང་སྐྱོང་ལྗོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་ཁ་ཕྱོགས་ནས་རྒྱལ་ཁབ་ཕྱི་ནང་གི་དོན་ཆེན་སྒྲོག་སྤེལ་དང་། རང་སྐྱོང་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་གྱི་འཛུགས་སྐྲུན་བྱ་གཞག་དང་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློ་དང་འཚོ་བ་མཚོན་ཅིང་མཛུབ་སྟོན་བྱེད་པའི་ཚགས་པར་ཞིག་གསར་དུ་འདོན་པའི་གྲ་སྒྲིག་ཐེངས་འགའ་བྱས། 1951ལོའི་ཟླ་བ9པར་ཚགས་པར་འདོན་པའི་འཆར་གཞི་ཞིབ་ཕྲ་བཀོད་པར་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཙུགས་ནས་ལོ་གཅིག་འཁོར་བའི་སྐབས་སུ་ཚགས་པར་གསར་དུ་གདོན་རྒྱུ་གཏན་ལ་ཕབ། 1952ལོའི་ལོ་འགོར། ཀྲུང་གུང་དར་མདོ་ས་ཁུལ་ཨུ་ལྷན་གྱིས་སྒོར་ཁྲི་བཅུ་ལྷག་བཏང་ནས་ཚགས་པར་བཞི་དྲས་མ་པར་དུ་སྐྲུན་པའི་འཆར་གཞི་བཟོས་པར་མ་ཟད། ཚགས་འདོན་ཇུས་གཞི་ཀྲུང་གུང་ཞི་ཁམས་ཞིང་ཆེན་ཨུ་ལྷན་ལ་ཡང་སྙན་སེང་ཞུས་པ་རེད། 1953ལོར་ཡང་བསྐྱར་ཚགས་པར་འདོན་པའི་འཆར་གཞི་གཏན་ལ་ཕབ། 1954ལོའི་ཟླ་བ7པར། ཀྲུང་གུང་དར་མདོ་ས་ཁུལ་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ《དར་མདོའི་གསར་འགྱུར》གསར་དུ་འདོན་པའི་ཐག་བཅད། ལོ་དེའི་ཟླ་བ7པའི་ཚེས19ཉིན། ཀྲུང་གུང་དར་མདོ་ས་ཁུལ་ཨུ་ལྷན་གྱིས་ཚགས་པར་འདོན་པའི་གནད་དོན་སྐོར་ཞི་ཁམས་ཞིང་ཆེན་ཨུ་ལྷན་ལ་སྙན་སེང་བྲིས། ཟླ་བ8པའི་ཚེས3ཉིན། ཞི་ཁམས་ཞིང་ཆེན་ཏང་ཨུས་སྙན་སེང་ལ་ཆོག་མཆན་བཀོད་དེ། ཀྲུང་གུང་དར་མདོ་ས་ཁུལ་ཨུ་ལྷན་གྱིས《དར་མདོའི་གསར་འགྱུར》གསར་དུ་འདོན་ཆོག་པའི་མོས་མཐུན་བྱས། དེ་ནས《དར་མདོའི་གསར་འགྱུར》ཁང་དངོས་སུ་བཙུགས་པ་དང་། 1954ལོའི་ཟླ་བ8པའི་ཚེས23ཉིན《དར་མདོའི་གསར་འགྱུར》འདོན་ཐེངས་དང་པོ་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་ཡོད།
1954ལོའི་ཟླ་བ12པའི་སྔོན་ལ་པར་དུ་བསྐྲུན་པའི《དར་མདོའི་གསར་འགྱུར》འདོན་གྲངས་དང་པར་གྲངས་ལ་ངེས་མེད་ཡིན་ཞིང་། འདོན་གྲངས་ཡུན་རིང་ན་ཉིན17ལ་ཚགས་པར་ཐེངས་གཅིག་དང་། ཐུང་ན་ཉིན7ལ་ཚགས་པར་ཐེངས་གཅིག་ཡིན། པར་ངོས་ནི་སྐབས་འགར་པར་ངོས་བཞི་རེ་དང་། སྐབས་འགར་ཕྱེད་དྲས་མའི་པར་ངོས་གཉིས་རེ་ཡིན། 1954ལོའི་ཟླ་བ12པའི་ཚེས10ཉིན་གྱི་རྗེས་སུ་ཕལ་ཆེར་ཉིན་བཅུའི་ནང་ཚགས་པར་ཐེངས་རེ་བཏོན་ཐུབ་ཡོད་ལ། 1955ལོའི་ཟླ་བ་དང་པོའི་རྗེས་སུ་གཟའ་འཁོར་ཚགས་པར་དུ་བསྒྱུར། ཞི་ཁམས་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་ཟླ་བསྒྲིལ་རྗེས། སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་ཆོག་མཆན་བཀོད་པར་བརྒྱུད《དར་མདོའི་གསར་འགྱུར》1956ལོའི་ཟླ་བ་དང་པོ་ནས་བཟུང་རེས་གཟའ་རེར་འདོན་ཐེངས་ལྔ་རུ་བསྒྱུར། ཐོག་མར་ཚགས་པར་གྱི་པར་ངོས་རེ་རེ་ལ་རྒྱ་བོད་ཤན་སྦྱར་ནས་བསྒྲིགས་ཡོད། རྗེས་མར་བོད་ཡིག་དང་རྒྱ་ཡིག་པར་ངོས་སོ་སོ་ཕྱེ་ནས་སྡེབ་སྒྲིག་བྱས་པ་སྟེ། པར་ངོས་དང་པོ་དང་གཉིས་པ། གསུམ་པ་བཅས་ནི་བོད་ཡིག་གི་པར་ངོས་ཡིན་ཞིང་། པར་ངོས་བཞི་པ་རྒྱ་ཡིག་པར་ངོས་ཡིན།
《དར་མདོའི་གསར་འགྱུར》གྱི་པར་གཞི་བཟོ་བཅོས།
1956ལོའི་ཟླ་བ10པར། ཚགས་པར་ཁང་གིས་སྐབས་དེའི་དུས་བབ་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར། ཀྲུང་གུང་དར་མདོ་ས་ཁུལ་ཨུ་ལྷན་ལ“《དར་མདོ་ཚགས་པར》བསྒྱུར་བཅོས་དང་པར་གཞི་བཟོ་བཅོས་བྱེད་པའི་སྙན་སེང”བཏོན་པས། ས་ཁུལ་ཨུ་ལྷན་གྱིས་མྱུར་དུ་ཚགས་པར་ཁང་གི་སྙན་སེང་ལ་ཞིབ་འཇུག་བྱས་ཤིང་། ཟླ་བ10པའི་ཚེས16ཉིན། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས《དར་མདོའི་གསར་འགྱུར》གྱི་པར་གཞི་བཟོ་བཅོས་བྱེད་པར་ཁུལ་ཨུས་མོས་མཐུན་བྱས་ཡོད་པའི་བརྡ་ཐོ་བཏང་། (པར་ངོས་གཉིས་པར་གཟིགས།)