(པར་ངོས་དང་པོར་མཐུད།)སྐབས་དེར་རང་ཁུལ་ཞི་ཁམས་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་མིང་བསྒྱུར་བ་དང་བསྟུན་ནས《དར་མདོའི་གསར་འགྱུར》གྱི་མིང་དེ་ཡང《དཀར་མཛེས་ཚགས་པར》ཞེས་པར་བསྒྱུར་ཡོད།
《དར་མདོའི་གསར་འགྱུར》གསར་དུ་བཏོན་པ་ནས་པར་གཞི་བཟོ་བཅོས་དང་མིང་བསྒྱུར་བའི་བར་ཁྱོན་བསྡོམས་ལོ་གཉིས་དང་ཟླ་བ་གཉིས་སོང་བ་དང་། ཁྱོན་བསྡོམས་ཚགས་པར་འདོན་ཐེངས119པར་དུ་བསྐྲུན་པ་དང་། ཚགས་པར་འདོན་ཐེངས་རེར་ཚགས་པར་ཚར3000བཀྲམ་པ་རེད།
པར་གཞི་བཟོ་བཅོས་ཀྱི་དུས་འགོའི《དཀར་མཛེས་ཚགས་པར》ལ་བོད་རྒྱ་ཡིག་རིགས་གཉིས་ཀྱི་པར་ངོས་ཡོད། ཚང་མ་ནི་བཞི་དྲས་མའི་པར་ངོས་བཞི་ཡིན་ལ་གཟའ་འཁོར་གཅིག་ལ་འདོན་ཐེངས་གཉིས་རེ་ཡོད། བོད་ཡིག་ཚགས་པར་གཟའ་ལྷག་པ་དང་གཟའ་གཟའ་སྤེན་པར་དང་རྒྱ་ཡིག་ཚགས་པར་གཟའ་མིག་དམར་དང་གཟའ་པ་སངས་ལ་པར་དུ་བསྐྲུན་པ་རེད། 1957ལོའི་ཟླ་བ9པར། ཁུལ་ཨུས《དཀར་མཛེས་ཚགས་པར་གྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཅོས་པའི་སྐོར་གྱི་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་མཛུབ་སྟོན》བཏོན་ཏེ།《དཀར་མཛེས་ཚགས་པར》ལོ་དེའི་ནང་ཚུད་དུ་གཟའ་འཁོར་གཅིག་ལ་འདོན་ཐེངས་གསུམ་དུ་གཏང་དགོས་པའི་བླང་བྱ་བཏོན། 1957ལོའི་ཟླ་བ11པའི་ཚེས1ཉིན།《དཀར་མཛེས་ཚགས་པར》གྱི་བོད་རྒྱ་ཡིག་གི་ཚགས་པར་གཉིས་ཀ་གཟའ་འཁོར་གཅིག་ལ་འདོན་ཐེངས་གསུམ་རེ་ཅན་དུ་བསྒྱུར། འདོན་གྲངས་བསྒྱུར་རྗེས་སྔར་བཞིན་བཞི་དྲས་མའི་པར་ངོས་བཞི་རེ་ཡིན།
《དཀར་མཛེས་ཚགས་པར》དེ《དཀར་མཛེས་ཉིན་རེའི་ཚགས་པར》དུ་བསྒྱུར་ཞིང་། ཚགས་པར་གྱི་མིང་སྐུ་ཞབས་ལི་པན་ལིས་བྲིས་གནང་མཛད།
1958ལོའི་ཟླ་བ3པར། ཚགས་པར་ཁང་གིས1958ལོ་ནས1962ལོའི་བར་གྱི་འཕེལ་རྒྱས་འཆར་གཞི་གཏན་ལ་ཕབ་ཅིང་། ལོ་དེའི་ཟླ་བ5པར། འཆར་གཞི་དེའི་རྨང་གཞིའི་ཐོག《དཀར་མཛེས་ཚགས་པར་ཁང་གི་མཆོང་སྐྱོད་རྩ་གནད》བཟོས་ཤིང་། སྤུན་ཟླ་ཚགས་པར་ཁང་གི་བར་མཛའ་མཐུན་གྱི་འགྲན་རྩོད་བྱས་པ་དང་། ཟླ་བ་བཞི་རིང་ལ་དཀའ་སྤྱད་སྡུག་རུས་བརྒྱབ་རྗེས་ཚགས་པར་གྱི་སྤུས་ཚད་ཇེ་མཐོར་གཏོང་བའི་རྨང་གཞིའི་ཐོག་ཉིན་རེའི་ཚགས་པར་དུ་བསྒྱུར། དེའི་རྗེས་སུ། ཚགས་པར་ཁང་གི་སྡེ་ཚན་བར་དར་དམར་འགྲན་བསྡུར་སྤེལ་ནས་འདོན་གྲངས་བསྒྱུར་བར་བསུ་མ་ཧུར་ཐག་ཞུས། ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་ཁང་གིས་ཟླ་བ9པར《དཀར་མཛེས་ཚགས་པར་གྱི་སྒྲིག་སྡེབ་ཚད་གཞི》བཟོས་ཏེ། ཉིན་རེའི་ཚགས་པར་གྱུར་རྗེས་པར་ངོས་ཀྱི་རྣམ་པའི་གཞི་རྐང་རགས་ཙམ་ཚུགས་པ་དང་ཉམས་འགྱུར་གཅིག་གྱུར་ཡོང་དགོས་པའི་བླང་བྱ་བཏོན། 1958ལོའི་ཟླ་བ10པའི་ཚེས1ཉིན་ནས་བཟུང་།《དཀར་མཛེས་ཚགས་པར》(འདོན་ཐེངས364པ)གྱི་བོད་རྒྱ་ཡིག་ཚགས་པར་གཉིས་ཀ་གཟའ་འཁོར་རེ་ལ་འདོན་ཐེངས་གསུམ་རེ་ནས་འདོན་ཐེངས་དྲུག་རེའི་བར་དུ་ཇེ་མང་དུ་བཏང་བ་དང་། ཚགས་པར་གྱི་མིང་ཡང《དཀར་མཛེས་ཉིན་རེའི་ཚགས་པར》ལ་བསྒྱུར་བར་མ་ཟད། སྐབས་དེར《སི་ཁྲོན་ཉིན་རེའི་ཚགས་པར》གྱི་ཧྲེ་ཀྲང་དང་ཡིག་གཟུགས་མཁས་ཅན་སྐུ་ཞབས་ལི་པན་ལི་གདན་འདྲེན་ཞུས་ནས་རྒྱ་ཡིག་ཚགས་པར་གྱི་མིང་འབྲི་རུ་བཅུག།
《དཀར་མཛེས་ཉིན་རེའི་ཚགས་པར》ཕྱིར《དཀར་མཛེས་ཚགས་པར》དུ་བསྒྱུར།
1959ལོའི་རྗེས་སུ། རྒྱལ་ཡོངས་སུ་ལོ་གསུམ་གྱི་དཔལ་འབྱོར་དཀའ་ངལ་བྱུང་བ་དང་། ཁུལ་ནང་ཁུལ་གྱི་གསར་འགོད་པའི་གསར་འགྱུར་འབྱོར་ཚད་ཇེ་ཉུང་དུ་སོང་བ་དང་། 《དཀར་མཛེས་ཉིན་རེའི་ཚགས་པར》གྱི་གསར་འགྱུར་འབྱུང་ཁུངས་མི་འདང་བས་དཀའ་ངལ་གྱི་གནས་སུ་ལྷུང་། 1960ལོར། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་མཛུབ་སྟོན་ལྟར་ཟླ་བ11པའི་ཟླ་སྟོད་ནས་བཟུང་ཚགས་པར་ཁང་གིས་ཚགས་པར་དྲིལ་བསྒྲགས་ལས་དོན་ལ་ཞིབ་བཤེར་བྱས། 1961ལོའི་ཟླ་བ2པར། ཁུལ་ཨུས་ཆོག་མཆན་གནང་བར་བརྒྱུད 《དཀར་མཛེས་ཉིན་རེའི་ཚགས་པར》བོད་ཡིག་ཚགས་པར་གཟའ་འཁོར་གཅིག་ལ་འདོན་ཐེངས་གསུམ་ལས་མི་དགོས་པར་ཇེ་ཉུང་དུ་བཏང་། རྗེས་སུ་ཡང་གཟའ་འཁོར་གཅིག་ལ་འདོན་ཐེངས་གཉིས་ལས་མེད་པར་བྱས་ནས་གཟའ་མིག་དམར་དང་གཟའ་པ་སངས་ཉིན་པར་དུ་བསྐྲུན་དགོས་པར་བྱས། 《དཀར་མཛེས་ཉིན་རེའི་ཚགས་པར》གྱི་རྒྱ་ཡིག་ཚགས་པར་ལོ་དེའི་ཟླ་བ7པའི་ཚེས9ཉིན་ནས་བཟུང་གཟའ་འཁོར་གཅིག་ལ་འདོན་ཐེངས་གསུམ་ལས་མེད་པར་བྱས། ཚགས་པར་གྱི་མིང་དེ་སྔའི《དཀར་མཛེས་ཉིན་རེའི་ཚགས་པར》ནས《དཀར་མཛེས་ཚགས་པར》ལ་བསྒྱུར་བ་རེད།
《དཀར་མཛེས་ཚགས་པར》གློག་འཕྲིན་པར་གཞི་བསྒྱུར་རྗེས་ཡང་བསྐྱར་རྒྱུན་ལྡན་གྱི་ལམ་དུ་བསྐྱོད་པ།
“རིག་གསར”གྱི་སྐབས་སུ། 《དཀར་མཛེས་ཚགས་པར》པར་སྐྲུན་མཚམས་བཞག་ནས་གློག་འཕྲིན་པར་གཞིར་བསྒྱུར། 1974ལོའི་ཟླ་བ2པའི་ཚེས1ཉིན་ད་གཟོད《དཀར་མཛེས་ཚགས་པར》གྱི་བོད་ཡིག་དང་རྒྱ་ཡིག་ཚགས་པར་བསྐྱར་དུ་སླར་གསོ་བྱས། 1987ལོའི་ཟླ་བ9པའི་ཚེས5ཉིན། རྒྱལ་ཡོངས་ཀྱི་ཚགས་པར་དང་དུས་དེབ་ལ་བསྐྱར་དུ་ཐོ་འགོད་ལག་ཁྱེར་བརྗེ་བའི་ལས་དོན་བསྒྲུབས་ཏེ། 《དཀར་མཛེས་ཚགས་པར》གྱི་གཙོ་སྒྲུབ་དང་གཙོ་གཉེར་ལས་ཁུངས་ནི་ཀྲུང་གུང་དཀར་མཛེས་ཁུལ་ཨུ་ཡིན་པ་དང་། ཁྲིམས་བཀོད་འགན་འཁུར་བ་ནི་ཁུལ་ཨུའི་མགོ་ཁྲིད་གཙོ་བོ་ཡིན་པ། དཀར་མཛེས་ཚགས་པར་ཁང་ནི་བྱེ་བྲག་གི་ཏང་ཨུ་ལས་ཁུངས་ཚགས་པར་གྱི་པར་སྐྲུན་སྡེ་ཚན་ཡིན་པ་སྔར་ལྷག་གིས་གཏན་འབེབས་ཁ་གསལ་བཟོས་པ་རེད། དུས་མཉམ་དུ་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས《དཀར་མཛེས་ཚགས་པར》གྱི་བོད་རྒྱ་ཡིག་གི་ཚགས་པར་གྱི་འདོན་གྲངས། ཤོག་རྒྱ། པར་ངོས་ཀྱི་གྲངས་ཀ། ཡོངས་བསྒྲགས་འགྲེམས་སྤེལ་བཅས་ཚང་མར་གཏན་འབེབས་གསལ་པོར་བྱས་པས། དུས་དེ་ནས《དཀར་མཛེས་ཚགས་པར》ཡང་བསྐྱར་རྒྱུན་ལྡན་གྱི་ལམ་དུ་བསྐྱོད་པ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགྱུར་བླངས་ནས་ཐད་ཀར་འཕྲིན་མཛོད་དུ་ཉར་ཆོག།
ཚགས་པར་གསར་དུ་བཏོན་པའི་དུས་འགོར། ཚགས་པར་ཁང་ལ་སྒྲ་སྡུད་འཕྲུལ་འཁོར་གཉིས་ལས་མེད་ཅིང་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགྱུར་ལེན་བཤུ་རུ་སྤྱད་ཡས་རེད། 1957ལོར་སྐུད་མེད་གློག་ཁང་བཙུགས་ནས། གསལ་ཨང་ནས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགྱུར་ལེན་བཤུ་བྱེད་པར་བསྒྱུར་ཡོད། དེ་ནས་ཨང་གྲངས་ཡི་གེ་རུ་བསྒྱུར་ནས་སྡེབ་སྒྲིག་བྱས་རྗེས་གསར་འགྱུར་བཏང་བ་རེད། 1970ལོར་ལད་འབྲི་འཕྲུལ་ཆས་སྤྱད་དེ་ཚགས་པར་བླངས་ཤིང་ཨང་སྒྱུར་བརྒྱུད་རིམ་མི་དགོས་པ་བྱས་ཡོད། 1992ལོར་འཁོར་སྐར་ནས་ཐད་ཀར་ལེན་སྟངས་ཀྱིས་ལད་འབྲི་བྱེད་སྟངས་ཀྱི་ཚབ་བྱས་ནས་གསར་འགྱུར་སྡུད་ལེན་དེང་རབས་ཅན་དུ་གྱུར། 2003ལོར་ཚགས་པར་ཁང་གི་གློག་རྡུལ་འདྲི་སྒྲིག་མ་ལག་ཚོད་ལྟ་སྤྱོད་འགོ་བཙུགས་ནས། ཞིན་ཧྭ་གསར་འགྱུར་ཁང་གི་ཡི་གེ་དང་པར་རིས་ཐད་ཀར་འཕྲིན་མཛོད་དུ་འཇུག་ཆོག་པ་བྱུང་ཡོད།
(པར་ངོས་བཞི་པར་གཟིགས།)
