国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཡུ་རིའི་མེ་ཏོག།

གཡུ་འཛིན་ནི་བུད་མེད་ཅིག་སྟེ། གངས་ལྗོངས་འདིའི་མཐོན་པོ་མཐོ་སྒང་གི་ཉིན་སྲིབ་ལ་རྒྱུས་མངའ་ཆེ་བའི་འབྲོག་མོ་དཀྱུས་མ་ཞིག་ཡིན་ལ། གཡུ་འཛིན་དབྱར་དགུན་སྟོན་དཔྱིད་མེད་པར་མཐོ་སྒང་གི་ཉིན་སྲིབ་ནས་ནོར་ཕྱུགས་འཚོ་ཞོར་བུད་ཤིང་བཏུ་ཞིང་རྫི་གླུ་ལེན་པའི་བུད་མེད་ཅིག་ཡིན། གཡུ་འཛིན་དང་སྐུ་ཞབས་མེས་ལགས་གཉིས༢༠༡༦ལོའི་དགུན་ཁར། ལྷད་མེད་ཀྱི་མཛའ་མཐུན་ལ་ཞུགས་ཤིང་། ངས་ཀྱང་གཡུ་འཛིན་དེ་ནས་ངོ་ཤེས་བྱུང་། སྐུ་ཞབས་མེས་ལ་གཡུ་འཛིན་གྱི་བག་ཆགས་ཟབ་ཤོས་ཤིག་བཞག་པ་ནི་ཕྱི་ཐག་དང་བརྩེ་བ་ཡུན་རིང་ལ་བསྐྱངས་ལགས་ཡིན་སྐད། སྐུ་ཞབས་མེས་ལགས་ལ་སྙུང་གཞི་ཞིག་ཡོད་པ་གཡུ་འཛིན་གྱིས་གསལ་པོར་ཤེས་ཏེ། གཡུ་འཛིན་ནི་ཐོབ་དང་སྙན་གྲགས། བྱད་བཞིན་གྱི་མཛེས་སྡུག་གི་བྲན་དུ་འཁོར་བའི་བུད་མེད་ཅིག་མིན་ཕྱིར། སྐུ་ཞབས་མེས་དང་མི་ལོ་བཅུ་ཕྲག་ཅིག་གི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཀྱང་ཡོད། སྐུ་ཞབས་མེས་དང་ངེད་གཉིས་གྲོགས་པོ་ཡིན། སྐུ་ཞབས་མེས་ལ་སྐུ་ཞབས་ཞེས་པའི་མིང་འདི་གྲོགས་པོ་དག་གིས་བཏགས་ཤིང་། ངས་ཀྱང་ངག་ལ་སྐུ་ཞབས་མེས་ཞེས་པའི་མིང་འདི་ལོབས་པར་བྱས། སྐུ་ཞབས་མེས་དང་གཡུ་འཛིན་གཉིས་ཀྱི་མཛའ་བརྩེའི་སྙན་ངག་དེའང་ངས་ཅི་ལྕོགས་ཤིག་འབྲི་བར་ཁས་ལེན་རང་ལ་བྱས་ཀྱང་ད་ལྟ་རྩོམ་རྩལ་སོགས་སྟོབས་ཞན་དུ་ལྷུངས་ཏེ། མི་ལོ་གསུམ་བཞིར་ཕྱིན་པའི་དེ་རིང་བར་འདས། ད་ལྟ་ང་རང་རྩོམ་རྩལ་རྫོགས་པའི་ན་ཚོད་དུ་མ་ཕྱིན་རུང་། ད་ནི་མཛའ་བརྩེའི་སྙན་ངག་དེ་ལ་སྐྱ་ཐིག་ཅིག་མ་བྱས་ན། ནམ་ཞིག་ཡིད་ལས་བོར་ནས་མཛའ་བརྩེའི་ཉིང་ཁུ་གང་འདི་ཤུགས་རིང་ངང་འདས་ཕྱིར་འབྲི་བ་ལགས་སོ།། སྐུ་ཞབས་མེས་ལགས་སྙུང་གཞི་ཐེབས་ནས་མི་ལོ་ལྔ་དྲུག་ཅིག་ཕྱིན་རུང་། དྲག་སྐྱེད་དེ་ཙམ་མ་བྱུང་། དེ་ལྟར་སྐུ་ཞབས་མེས་ལགས་སྐྱེ་སའི་ཕ་ཡུལ་དང་རིང་དུ་བྱོལ་བའི་ལས་ལ་ཞུགས་ཏེ་རང་ཉིད་སྨན་བཅོས་སུ་བསྟེན། ང་དང་དེ་ནས་ངོ་ཤེས་བྱུང་། ཕྱིས་སུ་ང་རང་སྐུ་ཞབས་མེས་དང་གྲོགས་པོར་ཆགས་ཏེ། བྱིས་པའི་འཚོ་བ་དང་འདས་དོན་གང་མང་ཞིག་གཏམ་ལ་གླེང་མོ་བྱུང་ནས་ཕྱིར་ལྡོག་གིས་མྱོང་རོལ་བྱས་པ་ཡིན། ང་རང་སྐུ་ཞབས་མེས་ཀྱིས་བརྩམས་པའི་ཚིག་ལ་སྙན་ཆ་དེ་ཙམ་མེད་རུང་། བརྗོད་བྱ་སྒྲོ་འདོགས་བྲལ་བའི་གཡུ་འཛིན་དེ་ངོ་ཤེས་བྱུང་འདོད་ཡོད། སྐུ་ཞབས་མེས་ཀྱིས་བྲིས་པའི་དུང་བརྗོད་རྩོམ་རིག་མང་པོ་ཞིག་ངས་ཀློག་འདོན་བྱས་མྱོང་། དེ་དག་ཕྱིས་སུ་གཡུ་འཛིན་གྱིས་མཐོང་ཐོས་བྱུང་སྐད། གཡུ་འཛིན་དང་སྐུ་ཞབས་མེས་ཁོང་གཉིས་ཀྱིས་ང་རང་གྲོགས་པོ་ཞིག་ཏུ་འཇོག་ཕྱིར། ད་རེས་ངས་ཅིས་ཀྱང་དུང་བརྗོད་འདི་མཇུག་གྲོལ་ཐུབ་པར་ཤོག། སྐུ་ཞབས་མེས་ཀྱིས་ང་ལ་འདི་ལྟར། གཡུ་འཛིན་སྨན་ཤར་ཡག་པའི་གྲས་སུ་བརྩི་མཁན་མེད། འོན་ཀྱང་། ཡ་རབས་དྲང་མོའི་སྤྱོད་ལམ་ལ་དགའ་ཞིང་སློབ་མཁན་ཞིག་ཡིན་པ་ཡུལ་དེའི་ཡུལ་མི་དག་གིས་མགྲིན་གཅིག་གིས་འཆད་པར་ཐོས། ཁོང་གཉིས་གངས་ཆེན་ལྷབ་ལྷུབ་བབ་ཀྱིན་ཡོད་པའི་དགུན་ཁ་ཞིག་ལ། རང་ཡུལ་གྱི་ཡུལ་ཚོའི་ཕྱོགས་ནས་ཞལ་མཇལ་བྱུང་། དང་ཐོག་གཡུ་འཛིན་ལ་ཁ་པར་སོགས་འབྲེལ་བ་བཟོ་བྱེད་ཀྱི་མཉན་ཆས་སྟབས་བདེ་གཅིག་ཀྱང་མེད། ཡིན་ནའང་། ཁོང་གཉིས་ཀྱི་ཕ་ཡུལ་གཅིག་ཡིན་ཕྱིར། མཇལ་འཛོམས་དེ་ཙམ་དཀའ་མོ་མིན་པ་འདྲ་སྙམ། སྐུ་ཞབས་མེས་ཀྱི་ཁྱིམ་གཞིས་གཡུ་འཛིན་ཚང་གི་ཕྱོགས་ནས་ཐག་རིང་བའི་ལེ་དབར་དྲུག་ཅུ་ཡས་མས་ཤིག་ཏུ་གནས་བཅས་ཡོད་ཕྱིར། གཡུ་འཛིན་ཁོང་གཉིས་ལ་ཐུག་འཕྲད་ཉུང་ཞིང་། ཐུག་འཕྲད་བྱུང་ནའང་ཁ་བརྡ་ཉུང་ངུ་བཤད་པ་ལས་ཡིད་ཚིམ་པའི་གཏམ་གླེང་ཅི་ཡང་མི་ཐུབ་པའི་དུས་ཚོད་དེ་འདྲ་ཞིག་ནས་མཛའ་སེམས་ཀྱི་རི་མོ་དལ་གྱིས་བྲིས། གཡུ་འཛིན་གྱི་ཨ་ཕའི་མི་གཤིས་འཇམ་པོ་ཞིག་དང་སྤྲོ་སེམས་འཁོལ་བ་ཞིག་སྟེ། ང་གཡུ་འཛིན་གྱི་ཕ་ལ་ཅུང་དགའ་བཞིན་ཡོད། གཡུ་འཛིན་གྱི་ཨ་ཕ་རྐང་ཐང་ལ་ཆས་ན་རྐང་མགྱོགས་ལྡན་པ་ཞིག་ཀྱང་ཡིན་ཏེ། ཉིན་ཞིག་ང་རང་འཕྲུལ་རྟ་ལ་བཞོན་ནས་གཡུ་འཛིན་ཚང་གི་སྟོན་སའི་ཕྱོགས་སུ་སོང་བ་ན། གཡུ་འཛིན་གྱི་ཨ་ཕ་ཅུང་མ་འགོར་བའི་ངང་འབྱོར་ཐུབ་པ་བྱུང་། ཡང་ཕྱོགས་སྣེ་གཞན་ཞིག་ནས་ང་རང་གཡུ་འཛིན་གྱི་ཕུ་བོའི་སློབ་མ་ཞིག་ཡིན་ཕྱིར། ཁོང་ཚང་ལ་ཐེངས་ཤིག་ལ་འགྲོ། གཡུ་འཛིན་གྱི་ཨ་ཕ་དེ་འདྲའི་མི་ཞིག་ཡིན་རུང་སྐུ་ཞབས་མེས་གཡུ་འཛིན་གྱི་ཕ་ལ་ཤིན་ཏུ་སྐྲག་སྟེ། (༢༠༡༧) ལོ་དེའི་དཔྱིད་རླུང་དལ་གྱིས་ལྡང་བ་འགོག་མེད་དུ་ཤོར་ཏེ། སྟོན་ཀ་ལ་འབྱོར་ཞིང་གཡུ་འཛིན་ཚང་གིས་དབྱར་མཚེར་ནས་སྟོན་མཚེར་ལ་རུ་སྤོར་བྱས་ཡོད་པ་ཐོས་ཏེ། སྐུ་ཞབས་མེས་ཀྱིས་པར་ཆས་ཤིག་བཟུང་ནས་གཡུ་འཛིན་ཚང་གི་སྟོན་རུའི་ཕྱོགས་སུ་ཆས་ཤིང་། གཡུ་འཛིན་ཚང་དང་ཚོ་བ་གཅིག་པའི་རུ་སྐོར་ཁྱིམ་མཚེས་དག་གི་སྟོན་ས་ནི་ཕ་ཡུལ་གྱི་སྟོན་ཀའི་དུས་སུ་མཛེས་སྡུག་ཁྱད་འཕགས་རྫོགས་པའི་རི་ལུང་ཁྱད་འཕགས་ཤིག་སྟེ། ཕ་ཡུལ་གྱི་མི་རྣམས་ཁོམ་ལོང་གང་ཡོད་ངང་གནས་དེ་རུ་འགྲོ་བའི་གོམས་གཤིས་ཤིག་ཡོད། གཡུ་འཛིན་ཚང་གི་སྟོན་སའི་གནས་དེ་རུ་གནས་བརྟན་བཅུ་དྲུག་དང་ངག་རྒྱུན་དུ་གྲགས་པའི་འབྲུག་ཁུང་སོགས་ཡོད་ཕྱིར།

༼ ཉིན་ཞིག་གི་སྲོད་ལ་འབྱོར་བའི་དུས་སུ་གཡུ་འཛིན་གྱི་ཨ་ཕས་མཛུབ་ཀེར་གྱིས་མར་ཕྱོགས་ན་གཏེར་ལུང་ཡོད། གཏེར་རྫས་བླངས་པའི་རྐྱེན་གྱིས་གཏེར་ལུང་བཏགས་ཡོད། སྟོད་གན་ནས་ཕྱོགས་ནས་ཕར་སོང་ན་འབྲུག་ཁུང་ཡོད་རེད།༽ ང་ཚོ་གཞོན་རབས་རྐང་ལག་བདེ་བ་དག་སྟོན་དུས་དེ་རུ་ལྟད་མོ་ལྟ་རུ་འགྲོ་ལོབས་ཡོད། སྐུ་ཞབས་མེས་ཀྱིས་འགྲོ་ལོབས་དེ་ལ་ཁག་འགེལ་བྱས་ཏེ། གཡུ་འཛིན་ལ་གཟུར་ལྟ་ཙམ་ཞིག་ཀྱང་བྱུང་བར་སེམས་ཤིང་འདོད་བློ་བྱུང་། སྐུ་ཞབས་མེས་ལགས་གནས་བརྟན་བཅུ་དྲུག་ཞེས་གྲགས་པའི་རྫ་རིའི་སྲིབ་ངོས་དེ་རུ་སོང་ནས་སྲིབ་ངོས་དེ་ལས་ཚུར་ལ་ལོག་སྐབས། རྫ་རིའི་ཉིན་ངོས་དང་ཐག་རིང་ཅུང་མི་རིང་བའི་ཕྱོགས་ན་གནག་རྫི་ཞིག་ཡོད་པ་མཐོང་། སྐུ་ཞབས་མེས་དེ་རུ་སོང་ནས་གཏམ་གླེང་ཞིག་འདོད་ཅིང་། བསམ་ཡུལ་ལས་འདས་པ་ཞིག་ལ་སྐུ་ཞབས་མེས་གནག་རྫི་དེའི་དྲུང་དུ་འབྱོར་དུས། གནག་རྫི་དེ་ནི་གཡུ་འཛིན་རེད་འདུག སྐབས་འདིར་གཡུ་འཛིན་ཅུང་བྲེལ་འཚུབ་ཅིག་བྱུང་ཡོད་ངེས། སྐུ་ཞབས་མེས་ཀྱིས་གཡུ་འཛིན་དང་གཏམ་གླེང་མང་པོ་བྱེད་ཞོར། འདྲ་པར་གང་མང་ཞིག་འདོད་བློ་ལྟར་བླངས་པའི་ཁྲོད་དུ་གཡུ་འཛིན་དགོད་ཀྱིན་ཡོད་པ་ཞིག་འདྲ་པར་ལ་བླངས་པ་ཕྱིས་སུ་ངའི་མཐོང་ཡུལ་གྱུར། ཉིན་དེའི་ཉིན། གཡུ་འཛིན་ཁོང་གཉིས་གཏམ་གླེང་སོགས་སུ་གཡེང་ནས་ནོར་ཁྱུ་ལྷས་རྡང་ལ་འདེད་རྒྱུ་ཅུང་འཕྱི་བའི་ཟོལ་དུ་སྐད། གཡུ་འཛིན་ཚང་གི་གཡས་ཕྱོགས་ནས་ཐང་ལ་བབས་ཏེ་སྐུ་ཞབས་མེས་ཁྱིམ་ལ་འགྲོ་གྲབས་བྱེད་སྐབས་གཡུ་འཛིན་ཨ་མས་མགྲོན་པོ་ལ་བོས་ཏེ་ཁོང་ཅག་གིས་གཏམ་གླེང་བྱས་ཤིང་། ཉིན་དེར་གཡུ་འཛིན་གྱི་ཨ་ཕ་ཁྱིམ་མི་བཞུགས་ཕྱིར། སྐུ་ཞབས་མེས་དོག་དོག་ངང་སྡོད་དགོས་མ་བྱུང་བར་མཆིས་སྙམ། ཡང་ཕྱོགས་སྣེ་གཞན་ཞིག་ནས་གླེང་དགོས་ཏེ། གཡུ་འཛིན་ཕ་ཡུལ་གྱི་བུད་མེད་སྐོར་ཞིག་སློབ་ཆུང་སོགས་སུ་ཞུགས་ཏེ་རིག་གནས་སྦྱང་བའི་གོ་སྐབས་མ་ཐོབ་རུང་། སྐུ་ཞབས་མེས་དང་གཏམ་གླེང་འདོད་ཕྱིར། གཞན་གྱིས་ཁ་པར་སོགས་ལས་ཡིག་འཕྲིན་བསྐུར་བའི་ལས་ཀ་བརྩམས་ནས་གཡུ་འཛིན་གྱིས་བོད་ཡིག་ཀློག་འདོན་དང་འཆར་ངོས་སུ་བོད་ཡིག་འགོད་པའི་ཤེས་བྱའི་རིག་གནས་ཤིག་ཤེས་སོང་། སྐུ་ཞབས་མེས་ཀྱིས་གློག་བརྙན་ནང་གི་མཛའ་གཅུགས་ཁྱོ་ཤུག་གི་ཟློས་གར་ལས་འཕྲིན་ཡིག་ཤོག་བུའི་སྟེང་དུ་འབྲི་བའི་ལས་ཀ་དེ་ཐབས་མཆོག་ཏུ་འདོད་དེ། གཡུ་འཛིན་ལ་ཞག་དང་ཟླ་བ། ལོ་དང་ཉི་མའི་དུས་ཚོད་མེད་པར་སྟབས་བདེ་གང་ཡོད་ངང་གནའ་བོའི་མི་ལྟར་ཁོང་གཉིས་འཕྲིན་ཡིག་གི་ལམ་ལ་ཞུགས་ནས་འཕྲིན་ཡིག་ཀློག་བདེ་ཞིང་ནང་དོན་ཡོད་པ་བསྐུར་ནས། སྐུ་ཞབས་མེས་ཀྱི་འཕྲིན་ལན་ལ་གཡུ་འཛིན་གྱིས་ཀྱང་ལན་དུ་འཕྲིན་ཡིག་བྲིས་ནས་གཡུ་འཛིན་གྱིས་རང་སྦྱོང་ངང་བོད་སྐད་ཡིག་ལ་འབྲི་ཀློག་ཤེས་པར་གྱུར། ཕ་ཡུལ་ནས་གཞོན་ནུ་ཕོ་མོ་གཉིས་ངོ་ཤེས་ནས་དུས་ཡུན་ཐུང་ངུ་ཞིག་ཕྱིན་དུས། གཉེན་སྟོན་བྱས་ནས་འཇིག་རྟེན་མཐུན་འཇུག་གི་ལམ་དུ་འགྲོ་བཞིན་ཡོད། འོན་ཀྱང་། ཁོང་གཉིས་ཀྱིས་མཛའ་སེམས་བུད་མེད་ཅིག་གི་ལག་ཏུ་ཡོད་པའི་རྩིད་སྐུད་ཀྱི་ལན་བུ་ཇི་བཞིན་དམ་པོའི་ངང་དགུ་མདུད་བསླས་པ་བཞིན་ཧ་ཅང་མཛེས་སྡུག་ཅིག་ཡིན་རུང་། གཉེན་སྟོན་མགྱོགས་མྱུར་ལ་རོལ་བའི་གྲལ་དུ་ཞུགས་པའི་ལས་ཀ་མ་བྱས་ཏེ། གཡུ་འཛིན་ཕ་ཡུལ་ནས་བསྟུད་མར་ད་ལྟའི༼ ༢༠༢༤ ༽ དབར་མི་ལོ་བདུན་ལ་གནས་དང་གཉེན་སྟོན་མེད་པའི་ངང་བསྡད་ཅིང་། སྐུ་ཞབས་མེས་ཕ་ཡུལ་ལས་ལེ་དབར་ལྔ་བརྒྱའི་ཁྱོན་ན་ཡོད་པའི་སློབ་གྲྭ་ཞིག་ཏུ་བསྟུན་མར་ལོ་འགའི་རིང་བསྡད་པའི་དུས་སུ་ང་དང་སླར་ཡངས་ཞལ་མཇལ་བྱུང་། ད་ལྟ་རྩོམ་ཡིག་འདི་འབྲི་དུས་ང་ལ་གཡུ་འཛིན་གྱི་བསྐོར་ནས་ཉུང་ངུ་ཞིག་ལས་འཆད་པ་མེད་པ་ཚོར། སྐུ་ཞབས་མེས་ཀྱིས་ཉུང་ངུ་ཞིག་ལས་ཡག་པོ་ཞིག་བཤད་མི་འདུག ཅེས་བཤད་མྱོང་། མཛའ་སེམས་ཀྱི་དབུ་ཁྱུད་ལ་བྱུང་བའི་འདས་དོན་དག་ལས་ཚོར་བ་བརྗོད་མི་ཐུབ་བདེན་མཆིས་ལགས། ཕྱིས་སུ། ང་ལ་ཁོམ་ལོང་དེ་ཙམ་མེད་ཕྱིར། ང་དང་སྐུ་ཞབས་མེས་ཀྱི་ཁ་བརྡ་ཇེ་ཉུང་ལ་ཕྱིན་སོང་། འོན་ཏང་ད་ལྟ། ངས་སྐུ་ཞབས་མེས་གཡུ་འཛིན་དང་ཞལ་མཇལ་གཉེན་སྟོན་བྱུང་བའི་ཉིན་མོ་དེ་ལ་རེ་སྒུག་བྱས་ཡོད།

༼ ཆོས་འབྱོར་རྒྱ་མཚོ། ༽