国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བགྲང་བྱ་བདུན་ཅུའི་སྣག་སྨྱུག་གི་བགྲོད་ལམ།

(པར་ངོས་གཉིས་པར་མཐུད།)

ཚགས་པར་པར་འདེབས་ཞ་ཉེ་དང་མེར་བརྟེན་པ་ལས་ཐར།

ཚགས་པར་གསར་དུ་བཏོན་དུས། ཚགས་པར་ཁང་གིས་ཁང་ཡུས་སྤྱི་གཉེར་ཁང་ཆི་ཁང་པར་འདེབས་བཟོ་གྲྭ་རྩིས་ལེན་བྱས་ཤིང་། སྐབས་དེར་སྒོར་གདན་འཕྲུལ་ཆས་གསུམ་དང་རྡོ་འདེབས་འཕྲུལ་ཆས་ལྔ་བླངས་ཡོད། དེ་ཚོ་ཚང་མ་ནི་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་སི་ཁྲོན་མཐའ་ཁུལ་གྱི་བློན་ཆེན་ཀྲའོ་ཨེར་ཧྥུང་གིས་སྲིད་འགན་བཞེས་དུས་ཕྱི་རོལ་ནས་འདྲེན་ཡོང་བ་རེད། གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད། 1955ལོར《ཞི་ཁམས་ཚགས་པར》བཏོན་མཚམས་བཞག་པ་དང་། གོང་རིམ་གྱིས《དར་མདོའི་ཚགས་པར》ལ་པར་འདེབས་སྒྲིག་ཆས་འབོར་ཆེན་སྤྲད་ཡོད། དེའི་ནང་དུ་ཟངས་པར་དང་། ཡིག་གཏར་འཕྲུལ། པར་བཟོ་འཕྲུལ། པར་འདེབས་འཕྲུལ་སོགས་ཡོད། དེ་ནས《དར་མདོའི་ཚགས་པར》གྱི་པར་འདེབས་ཆུ་ཚད་མཐོན་པོར་སོང་ཡོད། དུས་དེ་ནས་བཟུང་སྤྱི་ལོ1993ལོའི་བར། 《དཀར་མཛེས་ཚགས་པར》གྱི་པར་འདེབས་སྒྲིག་ཆས་ལ་གསར་བརྗེ་རྒྱུན་ཆད་མེད་པར་བྱུང་ཡོད་ན་ཡང་། སྤྱིའི་ཆ་ནས་བཤད་ན་ངོ་བོ་རང་བཞིན་གྱི་འགྱུར་ལྡོག་བྱུང་མེད། ཧ་ལམ་ཞ་ཉེ་དང་མེ་ལ་བརྟེན་པའི་པར་འདེབས་བྱེད་ཐབས་རྒྱུན་སྐྱོང་བཞིན་ཡོད། 1993ལོར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐད་ཀར་ཐུགས་ཁུར་འོག། རྣོ་འོད་པར་སྒྲིག་དང་འགྱིག་པར་སྒྲིག་གཏོང་། པར་འདེབས་སྒྲིག་ཆས་བཅས་ཉོས་པར་བརྟེན། དཀར་མཛེས་ཚགས་པར་ཁང་གི་པར་འདེབས་ཞ་ཉེ་དང་མེར་བརྟེན་ལས་ཐར་ཐུབ་པ་བྱུང་ཡོད། 2006ལོར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་འོག། ཉིས་དྲས་མདོག་གཉིས་ངོས་སྙོམས་འགྱིག་པར་འཕྲུལ་ཆས་ཆེ་གྲས་ཉོས་ཏེ། བོད་ཡིག་དང་རྒྱ་ཡིག་ཚགས་པར་ཚོན་བཀྲ་ཅན་གྱི་པར་འདེབས་ཐུབ་པ་བྱུང་ཡོད། 2017ལོར། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག། མདོག་བརྒྱད་རྐྱང་སྒྲོམ་པར་འདེབས་འཕྲུལ་ཆས་ཉོས་པར་བརྟེན། ཚགས་པར་མགྱོགས་མྱུར་པར་འདེབས་ཐུབ་པ་དང་ཚོན་མདངས་སྡེབ་པར་ཡང་སྔར་བས་གནད་ཐིག་པོ་བྱུང་ཡོད་པ་རེད།

དུས་རབས་གསར་པར་ཚགས་པར་ཁང་གི་རྨང་གཞི་སྒྲིག་ཆས་ལ་འགྱུར་ལྡོག་ཆེན་པོ་བྱུང་།

དུས་རབས་སྔ་མའི་ལོ་རབས་དགུ་བཅུ་ནས་དུས་རབས་ཉེར་གཅིག་པའི་དུས་འགོ་ནི་དཀར་མཛེས་ཁུལ་ལོ་རྒྱུས་སུ་འཕེལ་རྒྱས་ཅུང་མགྱོགས་པའི་དུས་སྐབས་ཡིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས《དཀར་མཛེས་ཚགས་པར》ཚགས་པར་ཆེན་པོ་དང་ཉིན་རེའི་ཚགས་པར་དུ་བཟོ་དགོས་པ་ཐེངས་མང་བཏོན་པར་མ་ཟད། བླང་བྱ་དེ་ཐེངས་གཉིས་ལ་སྲིད་གཞུང་ལས་དོན་སྙན་ཞུར་བཙུད་ཡོད། དཀར་མཛེས་ཚགས་པར་ཁང་གི་ཏང་ཨུས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མཆན་བཀོད་སྙིང་དོན་ལྟར། སྔར་ཡོད་དཀར་མཛེས་ཚགས་པར་ཁང་ལ་སྔར་བྱུང་མྱོང་མེད་པའི་བསྒྱུར་བཀོད་ཆེན་པོ་བྱས་ཏེ། སྔོན་རྗེས་སུ་ལས་བཟོའི་སྡོད་ཁང་སྨི་གྲུ་བཞི་མ3600ཡོད་པ་ཞིག་གསར་དུ་བཞེངས་པ་དང་། ལས་བཟོའི་སྡོད་ཁང་ཁྱོན་སྨི་གྲུ་བཞི1000ཡོད་པ་གཉིས་གནས་སྤོ་བཅོས་སྐྲུན་བྱས། པར་འདེབས་ཁང་གི་གཞུང་ལས་ཁང་དང་འཁོར་ཁང་ཕྱོགས་འདུས་ཁང་གཅིག་གསར་དུ་བསྐྲུན་ཅིང་རྒྱ་ཁྱོན་སྨི་གྲུ་བཞི1000ལྷག་ཡོད། ཚགས་པར་ཁང་གི་ལས་སྒོའི་ཕྱོགས་བསྡུས་ཐོག་ཁང་ཆེན་མོ་གཅིག་བསྐྲུན་པ་དང་རྒྱ་ཁྱོན་སྨི་གྲུ་བཞི2000ལྷག་ཡོད། 2022ལོའི་ཟླ་བ12པར། རྒྱ་ཁྱོན་སྨི་གྲུ་བཞི་མ5466ཡོད་པའི་ཚགས་པར་ཁང་གི་རྒྱ་བོད་འཕྲིན་སྦྱོར་ཀུན་འདུས་ལས་གཞི་བསྐྲུན་ནས་ལས་གྲུབ་རྩིས་ལེན་ཐོབ་ཡོད།

ཚགས་པར་ཆུང་བ་ནས་ཚགས་པར་ཆེ་གྲས་སུ་བསྒྱུར་བ་དང་དེ་ནས་ཉིན་རེའི་ཚགས་པར་དུ་བསྒྱུར་བ།

1996ལོར《དཀར་མཛེས་ཚགས་པར》རྒྱ་ཡིག་ཚགས་པར་པས་ཟླ་མཇུག་ཚགས་པར་བཏོན། 2002ལོ་ནས་བཟུང་། དཀར་མཛེས་ཚགས་པར་ཁང་གིས་ཕྱོགས་གཅིག་ནས་འཛུགས་སྐྲུན་དམ་འཛིན་དང་ཕྱོགས་གཅིག་ནས་ཚགས་པར་འཕེལ་རྒྱས་དམ་དུ་བཟུང་ནས། ཚགས་པར་ཁང་གི་གཞུང་ལས་ཁོར་ཡུག་དང་སྒྲིག་ཆས་ལ་གསར་སྒྱུར་རིམ་པ་སྤར་རྗེས། ནང་ཁུལ་དུ་ཁོངས་ཆུང་དྲ་བ་བཙུགས་ནས《དཀར་མཛེས་སྒེའུ་ཁུང》དྲྭ་ཚུགས་ཤིག་བཙུགས། དེ་དང་ཆབས་ཅིག་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་མོས་མཐུན་ཐོབ་པ་དང་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་ཆོག་མཆན་ཐོབ་པར་བརྒྱུད《དཀར་མཛེས་ཚགས་པར》གྱི་རྒྱ་ཡིག་ཚགས་པར་དེ2003ལོའི་ཟླ་བ་དང་པོའི་ཚེས1ཉིན་ནས་བཟུང་ཕྱེད་དྲས་མའི་ཚགས་པར་ཆེ་བར་བསྒྱུར། 《དཀར་མཛེས་ཚགས་པར》གྱི་རྒྱ་ཡིག་གི་ཟླ་མཇུག་ཚགས་པར་དེ་གཟའ་མཇུག་ཚགས་པར་ལ་བསྒྱུར། བོད་ཡིག་ཚགས་པར་གནས་སྐབས་སུ་བཞི་དྲས་མའི་པར་ངོས་བཞི་ལྟར་བཞག་ཡོད། ལོ་གཅིག་ལྷག་འཁོར་སྐྱོད་ཀྱི་རྗེས་སུ། ཚགས་པར་ཁང་ལ་ཚགས་པར་ཆེ་གྲས་བཟོ་བའི་ཉམས་མྱོང་ཐོབ་པས་དེ་ནས་ལྕགས་ཚ་ཐོག་རྡུང་བ་དང་བོང་བུ་འགྲོ་ཐོག་དེད་ནས་དེའི་ལོ་མཇུག་ཏུ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་ལ་རེ་ཞུ་བྱས་ནས་ཆོག་མཆན་ཐོབ་པར་བརྒྱུད། 2004ལོའི་ཟླ་བ་དང་པོའི་ཚེས1ཉིན་ནས《དཀར་མཛེས་ཚགས་པར》གྱི་རྒྱ་ཡིག་ཚགས་པར་དེ་དངོས་སུ《དཀར་མཛེས་ཉིན་རེའི་ཚགས་པར》དུ་བསྒྱུར་བ་རེད། ཕྱེད་དྲས་མའི་པར་ངོས་བཞི་ཡོད་ཅིང་གཟའ་འཁོར་རེར་འདོན་ཐེངས་དྲུག་ཡོད། བོད་ཡིག་ཚགས་པར་དེ་ཡང་ཕྱེད་དྲས་མའི་ཚགས་པར་ཆེ་གྲས་སུ་བསྒྱུར་ནས། ཕྱེད་དྲས་མའི་པར་ངོས་བཞི་ཡོད་ལ་གཟའ་འཁོར་རེར་འདོན་ཐེངས་གསུམ་ཡིན་པ་རེད། སྔར་ཡོད་ཟླ་མཇུག་ཚགས་པར་དང་གཟའ་མཇུག་ཚགས་པར་གྱི་རྨང་གཞིའི་ཐོག། 《དཀར་མཛེས་ཉིན་རེའི་ཚགས་པར》 རྒྱ་ཡིག་ཚགས་པར་གྱིས་《ཁམས་ཀྱི་གཟའ་མཇུག》བཏོན་པ་དང་། བོད་ཡིག་ཚགས་པར་གྱིས་ཟླ་མཇུག་ཚགས་པར་བཏོན་ཡོད། དེར་བརྟེན། 《དཀར་མཛེས་ཉིན་རེའི་ཚགས་པར》ནི་དཀར་མཛེས་ཁུལ་གྱི་རྒྱལ་ཡོངས་སུ་ཡོངས་བསྒྲགས་ངང་འགྲེམས་སྤེལ་བྱེད་པའི་ཚགས་པར་གཅིག་པུ་དེ་ཡིན། ཚགས་པར་གསར་དུ་བཏོན་ནས་ལོ50འཁོར་བའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་གཞན་དག་གི་ཏང་ཚགས་པར་དང་འདྲ་བར་ཚགས་པར་ཆེན་པོ་དང་ཉིན་རེའི་ཚགས་པར་དུ་མངོན་འགྱུར་བྱུང་བ་རེད།

འཕྲིན་སྦྱོར་ཀུན་འདུས་ཀྱི་ལིང་བསྟར་རགས་ཙམ་གྲུབ་པ།

2005ལོའི་ཟླ་བ་དང་པོར《དཀར་མཛེས་ཉིན་རེའི་ཚགས་པར》གྱི་རྒྱ་ཡིག་ཚགས་པར་དེ་གཟའ་འཁོར་རེ་ལ་འདོན་ཐེངས་བདུན་རེ་ལ་བསྒྱུར་ཡོད།

2010ལོའི10པའི་ཚེས22ཉིན་ཁམས་པའི་བོད་ཡིག་དྲ་བ་དངོས་སུ་དྲྭ་ལམ་ནས་རྒྱལ་སྤྱིའི་སྒང་དུ་གཏོང་མགོ་ཚུགས། འདི་ནི་ཁམས་ཕྱོགས་ཀྱི་ཆེས་ཐོག་མའི་གཞུང་གི་དྲྭ་ཚུགས་ཆེན་མོ་དེར་གྱུར། ལེ་ཚན་ཆེན་པོ22དང་། ལེ་ཚན་ཆུང་བ105བཅས་ཡོད་པ་ཡིན། ཁམས་ཕྱོགས་ཀྱི་གསར་འགྱུར་དང་ལོ་རྒྱུས། དམངས་ཁྲོད་རིག་གནས་སོགས་འབྱུང་སའི་སྒོ་ཆེན་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད། ཟླ་རེར་ཀློག་གྲངས་ཁྲི་ལ་ཉེ་བར་བསླེབས།

2012ལོའི་ཟླ་བ་དང་པོར《དཀར་མཛེས་ཉིན་རེའི་ཚགས་པར》རྒྱ་ཡིག་ཚགས་པར་གྱིས《དཔལ་འབྱོར་དམངས་འཚོའི་གཟའ་མཇུག་ཚགས་པར》(ཚགས་པར་འདི2015ལོར་མཚམས་བཞག་ཡོད)བཏོན་པ་རེད། ལོ་དེར《དཀར་མཛེས་ཉིན་རེའི་ཚགས་པར》བོད་ཡིག་ཚགས་པར་གྱིས་གཉེར་འགན་འཁུར་བའི《ཁམས་པའི་འཛུམ་རིས》ལོ་རེ་ལ་འདོན་ཐེངས་བཞི་རེ་ཅན་གྱི་དུས་དེབ་གསར་དུ་བཏོན།

2013ལོའི་ལོ་མཇུག་ཏུ་ཁམས་ཀྱི་དྲ་བའི་རྒྱ་ཡིག་དྲ་བ་དྲྭ་ལམ་ནས་གཏོང་འགོ་ཚུགས། རྒྱ་ཡིག་གི་དྲྭ་ཚུགས་འདིར་གསར་འགྱུར་དང་། རིག་གནས། ཡུལ་སྐོར། པར་རིས། འཚོ་བ། གློག་རྡུལ་ཚགས་པར། བརྙན་ལམ་སོགས་པར་གཞི8ལས་གྲུབ་པ་དང་ཡན་ལག་ལེ་ཚན27བཀོད་སྒྲིག་བྱས་ཡོད་པ་རེད། བོད་ཡིག་དང་རྒྱ་ཡིག་གི་དྲྭ་ཚུགས་གཉིས་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་བརླིང་གི་ཕྱོགས་ཁག་དང་དེ་བཞིན་རང་རེའི་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་སོགས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད།

2014ལོའི་ཟླ་བ2པར། རང་ཁུལ་གྱི་ཆེས་དབང་གྲགས་ལྡན་པ་དང་ཆེས་ཆ་ཚང་བའི་ཕྱོགས་འདུས་ཅན་གྱི་གསར་འགྱུར་དྲྭ་ཚུགས་ཏེ་ཁམས་ཀྱི་འཕྲིན་སྦྱོར་དྲ་བ་དྲྭ་ཐོག་ནས་གཏོང་འགོ་བཙུགས། དེ་ནི《དཀར་མཛེས་ཉིན་རེའི་ཚགས་པར》འདེགས་སྐྱོར་དུ་བྱས་ཏེ། དཀར་མཛེས་ཁུལ་ལ་གཞི་ཚུགས་ཤིང་། ཁམས་ཀྱི་ས་ཆ་ཡོངས་ལ་ཁྱབ་པ། འཛམ་གླིང་ལ་ཕྱོགས་པའི་ཕྱོགས་འདུས་རང་བཞིན་གྱི་སྐད་གཉིས་གསར་འགྱུར་དྲྭ་ཚུགས་ཡིན་ཞིང་། དྲྭ་ཐོག་ལ་བཏང་རྗེས། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་གསར་འགྱུར་དྲྭ་ཚུགས་གལ་ཆེན་དུ་གཏན་ལ་ཕབ་ཡོད། ལོ་དེའི་ཟླ་བ5པར། ཁམས་ཀྱི་དྲ་བའི་རྒྱ་ཡིག་འཕྲིན་ཕྲན་སྤྱི་སྟེགས་གཏོང་འགོ་ཚུགས།

2015ལོའི་ཟླ་བ7པར། དཀར་མཛེས་ཁྱབ་སྒྲོག་འཕྲིན་ཕྲན་སྤྱི་སྟེགས་དྲྭ་ཐོག་ནས་གཏོང་འགོ་བཙུགས། ལོ་དེར《དཀར་མཛེས་ཉིན་རེའི་ཚགས་པར》གྱི་བོད་ཡིག་སྡེ་ཁག་གིས་ཁམས་ཀྱི་བོད་ཡིག་འཕྲིན་སྟེགས་གསར་དུ་བཏོན་པ་དང་དགོན་སྡེ་ལ་ཁ་ཕྱོགས་ནས་དུས་ཚིགས་རེ་ལ་ཐེངས་རེ་པར་བསྐྲུན་བྱས་པའི《ཞི་མཐུན་པད་མའི་མེ་ཏོག》བོད་ཡིག་ཚགས་པར་གསར་དུ་བཏོན།

2017ལོར་ཁུལ་ཨུའི་བཀོད་སྒྲིག་གཞིར་བཟུང་ནས་ཁུལ་ཨུ་དྲིལ་བསྒྲགས་པུའུ་སོགས་ལས་ཁུངས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ལོ་དེའི་ཟླ་བ་དང་པོའི་ཚེས1ཉིན་ནས་བཟུང《དཀར་མཛེས་ཉིན་རེའི་ཚགས་པར》གྱི་རྒྱ་ཡིག་ཚགས་པར་དེ་འདོན་ཐེངས་རེ་ལ་པར་ངོས་བརྒྱད་རེ་ཡོད་པར་བསྒྱུར། པར་ངོས་བསྒྱུར་རྗེས་ཀྱི《དཀར་མཛེས་ཉིན་རེའི་ཚགས་པར》གྱི་རྒྱ་ཡིག་ཚགས་པར་ནི་གཟའ་འཁོར་རེ་ལ་འདོན་ཐེངས་ལྔ་ཡིན་ལ། གཟའ་ཟླ་བ་ནས་པ་སངས་བར་ཡིན། ཐེངས་རེར་ཕྱེད་དྲས་མའི་པར་ངོས་བརྒྱད་ཡོད་པ་རེད། དེའི་ནང་དུ་གཟའ་པ་སངས་ཀྱི་ཚགས་པར་གྱི་པར་ངོས་ལྔ་པ་ནས་བརྒྱད་པའི་བར《ཁམས་ཀྱི་གཟའ་མཇུག》ཚགས་པར་ཡིན། པར་ངོས་ཀྱི་ཚད་དཔོག་ཐད་ལ། པར་ངོས་བཟོ་བཅོས་ཀྱི་རྗེས་སུ《དཀར་མཛེས་ཉིན་རེའི་ཚགས་པར》རྒྱ་ཡིག་ཚགས་པར་གྱི་པར་ངོས་དང་པོ་ནས་བཞི་པ་ཡིས་གསར་འགྱུར་རང་བཞིན་དང་དབང་གྲགས་རང་བཞིན། ཁྲིད་སྟོན་རང་བཞིན། ཉེ་བཅར་རང་བཞིན་མངོན་གསལ་དུ་བཟོ་བ་དང་། པར་ངོས་ལྔ་པ་ནས་བརྒྱད་པས་ཆེད་དོན་དང་། རྩོམ་རིག། ཁྱད་འཕགས་གཙོ་དོན་དུ་བྱས་ནས་ཁྲིད་ཕྱོགས་དང་རང་ཡུལ། ལྟ་བཟོད་པ། ཀློག་སྤྲོ་བའི་རྩ་དོན་རྒྱུན་འཁྱོངས་ཏེ། ཚགས་པར་གྱིས་ཏང་གི་སྐད་ཆ་མགྱོགས་པོར་སྒྲོག་ཐུབ་པ་དང་ཆབས་ཅིག། དངོས་ཡོད་དང་འཚོ་བ། མང་ཚོགས་བཅས་ལ་ཉེ་བར་བཅར་ཐུབ་པ་བྱུང་ཡོད། ལོ་དེར《དཀར་མཛེས་ཉིན་རེའི་ཚགས་པར》གྱི་བོད་ཡིག་ཟླ་མཇུག་ཚགས་པར་དེ་གཟའ་མཇུག་ཚགས་པར་ལ་བསྒྱུར། ཁམས་ཀྱི་འཕྲིན་སྦྱོར་པོད་འཕྲིན་དྲྭ་ལམ་དུ་གཏོང་འགོ་བཙུགས།

2018ལོའི་ཟླ་བ7པར། དཀར་མཛེས་ཁྱབ་སྒྲོག་འཁྱུག་དབྱིངས་དྲྭ་ལམ་དུ་བཏང་།

2019ལོའི་ཟླ7པར་ཁམས་པའི་འཕྲིན་སྦྱོར་གྱི་བོད་རྒྱའི་སྐད་གཉིསAPPབཀོལ་སྣེ་དྲྭ་ལམ་དུ་བཏང་།

2020ལོའི་ཟླ2པར་ཁམས་པའི་འཕྲིན་སྦྱོར་གྱི་མགྲོན་སྣེ་དྲྭ་ཐོག་ཏུ་སྤེལ་བ་དང་ཟླ་བ་དེའི་ནང་ཁམས་པའི་འཕྲིན་སྦྱོར་གྱི་མགྱོགས་འཕྲིན་དྲྭ་ཐོག་ཏུ་སྤེལ་བ་རེད། ལོ་དེའི་ཟླ་བ4པར་ཁམས་ཀྱི་འཕྲིན་སྦྱོར་བརྙན་ལམ་དྲྭ་ལམ་ནས་སྤེལ། 2024ལོའི་ཟླ་བ་བཞི་པར་བོད་ཡིག་འཕྲིན་ཕྲན་བརྙན་ལམ་དྲྭ་ཐོག་ནས་སྤེལ།

2021ལོའི་ཟླ་བ12པའི་ཚེས25ཉིན། “སློབ་སྦྱོང་རྒྱལ་དར”དཀར་མཛེས་སློབ་སྟེགས་དྲྭ་ལམ་ནས་དངོས་སུ་གཏོང་འགོ་བཙུགས། སློབ་སྟེགས་འདི་ནི་དཀར་མཛེས་ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་སྒྲུབ་འགན་འཁུར་བ་ཡིན་ལ། རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་ཨང་དང་པོ་དང་། སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་རིམ་པའི“སློབ་སྦྱོང་རྒྱལ་དར”གྱི་སློབ་སྦྱོང་སྟེགས་བུ་གསུམ་པ་ཡིན་པ་རེད། དེར་བརྟེན། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྦྱོར་ཀུན་འདུས་ལིང་བསྟར་རགས་ཙམ་གྲུབ་པ་དང་། རྒྱ་ཡིག་དང་བོད་ཡིག་ཚགས་པར་དང་འཕྲིན་སྦྱོར་གསར་པ། “སློབ་སྦྱོང་རྒྱལ་དར”དཀར་མཛེས་སློབ་སྟེགས་བཅས་ཤིང་རྟ་འཁོར་ལོ་གསུམ་གཤིབ་མཉམ་དུ་སྐྱོད་པའི་གནས་བབ་ཅིག་ཆགས་ཟིན་པ་རེད།།

རྩོམ་འདི་ནི《དཀར་མཛེས་ཉིན་རེའི་ཚགས་པར》གསར་དུ་བཏོན་ནས་ལོ50འཁོར་བའི་ཆེད་དེབ《ལོ་ཟླ་ནི་གླུ་དབྱངས་ཤིག་དང་མཚུངས》ཞེས་པའི་འགོ་བརྗོད་དང་། དཀར་མཛེས་ཏང་གི་ལོ་རྒྱུས་དང་ཚགས་པར་ཁང་གི་འཕེལ་རྒྱས་གནས་ཚུལ་མདོར་བསྡུས་བཅས་ལ་གཞིགས་ནས2024ལོའི་ཟླ8པར་ལེགས་པར་བསྒྲིགས།

(ཐུབ་བསྟན་དང་ཨོ་རྒྱན།ཡེ་ཤེས་བཅས་ཀྱིིས་བསྒྱུར་ཅིང་པར་བླངས།)