ངས་ནམ་རྒྱུན་ཆེས་ཕལ་བའི་འཚོ་བ་མངར་སྐྱུར་དག་སྙན་ངག་གིས་མཚོན་པའི་ཡིག་འབྲུ་ཕབས་པར་དགའ་ལ།
དེ་ནི་སུ་ཞིག་ལ་ངོ་བསྟོད་དང་ངོམས་ཆོས་
ཙམ་གྱི་ཆེད་མ་ཡིན་པར།
དེ་ནི་ཆེས་ཕལ་བའི་རང་ཉིད་ལ་སྤྲད་པའི་ཕྱིར་དྲན་དང་།
དེ་བས་ཀྱང་རང་ཉིད་ཀྱི་མི་ཚེའི་འགྲུལ་བཞུད་ཁྲོད་དགའ་
སྐྱོའི་འཚོ་བ་མངར་སྐྱུར་དག་ཟིན་ཐོ་རུ་བཏབ་པའི་
དྲན་རྟེན་ཡང་ཡིན།
དེ་དག་ནི་ལོ་དང་ཟླ་བས་ང་ལ་གནང་བའི་སྙན་ཚིག་དང་།
མི་ཚེའི་མཛེས་སྡུག་གིས་ང་ལ་སྩོལ་བའི་དྭངས་
གཙང་གི་ལྷག་བསམ་ཡིན།
མི་ཚེའི་འགྲུལ་བཞུད་རིང་མོའི་ལམ་ཁར།
ལོ་ཟླའི་གཙང་པོ་གང་ལ་བཞུར་ཡང་།
སུན་སྣང་དང་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་
ཀྱི་རི་མོ་དག་རེ་རེ་བཞིན
ངས་ཕྱི་མིག་དང་ཞེན་ཆགས་ཀྱི་ཁྲོད་དུ་བཞེངས།
ལོ་ཟླའི་ཆུ་བོ་དང་འགྲོགས་ནས།
ངས་བརྗོད་མི་གཏུབས་པའི་རྒྱང་རིང་གི་དྲན་
གདུང་དང་ན་ཟུག།
མི་ཚེའི་གོ་རིམ་དགའ་སྐྱོ་ཆགས་སྡང་སོགས་
སེམས་ཚོར་གྱི་བྱུང་བ་མཐའ་དག།
སྙན་ངག་ནང་དུ་བསྟིམས་ཏེ་དེ་ནི་ངའི་མི་ཚེའི་ཆ་
ཤས་ཤིག་ཏུ་རློམ་ཡོད།
སྙན་ངག་ནི་རྣམ་ཤེས་ཀྱི་ཟབ་སའི་ཆེས་སྙན་འཇེབས་
ལྡན་པའི་དབྱངས་རྟ་ཡིན་ལ།
སེམས་ཀྱི་རྒྱ་མཚོའི་ནང་གི་ཆེས་ཞིབ་ཚགས་ལྡན་པའི་
རླབས་རིས་ཡིན།
ང་རང་སྙན་ངག་གི་འཇིག་རྟེན་དུ་འཐིམས་ཐེངས་རེར།
སེམས་སུ་བརྗོད་ཐབས་བྲལ་བའི་སེམས་འགུལ་
དང་བདེ་སྐྱིད་ཅིག་བྱུང་།
སྙན་ངག་ཅེས་པའི་ཐ་སྙད་དེ་ནི།
དེ་འདྲའི་གཏིང་ཟབ་པ་ཞིག་དང་བརྗོད་མཐའ་བྲལ་བ་ཞིག།
གླེང་ཡང་ཚར་རྒྱུ་མེད་པ་དང་བྲིས་ཀྱང་རྫོགས་མཐའ་
མེད་པ་ཞིག།
གང་ལྟར།
ཁོ་མོའི་དགའ་སྡུག་གི་ཚོར་བ་ལ་མཐའ་མེད་ན།
སྙན་ངག་ལ་རྫོགས་མཐའ་དེ་བས་ཀྱང་གང་ན་ཡོད།
དུས་དང་རྣམ་པ་ཀུན་ཏུ་ང་ལ་སྙིང་སྙེ་བའི་ཡིག་
ཚོགས་དུ་མ་ཞིག་ཡོད་པས།
ང་ནམ་ཡང་ཁེར་རྐྱང་མིན་ལ།
ངའི་འཚོ་བ་ལ་ཁ་དོག་གིས་ཁེངས་སྲིད།
མདོར་ན། ང་སྙན་ངག་ལ་དགའ་བའི་བརྩེ་
སེམས་ནི་ངའི་ཚེ་སྲོག་ཁྲོད་མེད་དུ་མི་རུང་བའི་
ཆ་ཤས་ཤིག་ཏུ་གྱུར་ཡོད་ལ།
ནམ་ཡང་ཤ་རུས་ཀྱི་བར་མཚམས་སུ་ཡོད།
ངག་གི་སྒོ་མོ་ན་ཡོད།
༼ མེ་ཆར། ༽