国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དུས་ཚོད་དམ་དུ་བཟུང་ནས་ཁྱིམ་གཞིས་བསྐྲུན། ཆར་རླུང་སྤྲིན་ནག་རྗེས་ལ་ཉི་མ་ཤར།

དར་མདོའི་གུར་དྲག་གྲོང་རྡལ་རི་བརྒལ་གྲོང་སྡེར8·3ཆུ་ལོག་གནོད་འཚེ་ཐེབས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མཐོང་ཐོས།

རྒྱལ་ལམ318པ་རི་བརྒལ་ལམ་མཚམས་ཀྱི་གཞུང་ལམ་ཕྱོགས་གཉིས་ཀར་རླངས་འཁོར་ཤར་གཏོང་ཐུབ་པ།

གཡག་མདོའི་མྱུར་བགྲོད་གཞུང་ལམ་ལྕགས་ཟམ་ཁ་ནས་དར་མདོ་བར་གྱི་གནས་སྐབས་འཚུབ་བསྟུན་འཁོར་ལམ་བཟོས་ནས་གྲུབ་པ།

ཆུ་ལོག་བྱུང་རྗེས་གནས་སྐབས་བསྐྲུན་པའི་མྱུར་བགྲོད་གཞུང་ལམ་གྱི་སྟབས་བདེའི་ཟམ་པར་རླངས་འཁོར་བརྟན་པོའི་ངང་བརྒལ་ཐུབ་པ་དང་།རྒྱལ་ལམ་ཕྱོགས་གཉིས་སུ་སྤུངས་པའི་ས་རྡོ་རྣམས་རླངས་འཁོར་གྱིས་འདྲེན་བཞིན་ཡོད་ལ། རྨས་སྐྱོན་མི་སྣ་སྨན་ཁང་ནས་ཕྱིར་བུད་དེ་ཁྱིམ་དུ་ལོག་པ། ཡུལ་མི་ཚོས་སྒོ་རའི་ནང་གི་འདམ་རྡོ་གཙང་འཕྱག་བྱེད་བཞིན་པ། འཛུགས་སྐྲུན་བྱེད་མཁན་གྱིས་ཨར་ལས་མགྱོགས་མྱུར་བྱེད་བཞིན་པ་སོགས་བྲེལ་འཚུབ་རྣམ་པས་ཁེངས། དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་རི་བརྒལ་གྲོང་སྡེར་ཟླ་ཕྱེད་གོང་ཆུ་ལོག་གནོད་འཚེ་ཕོག་རྗེས་བསྐྱར་སྐྲུན་ལས་དོན་བརྟན་པོའི་ངང་སྤེལ་བཞིན་ཡོད་པར་མ་ཟད། སྐྱེ་སྟོབས་དང་གསོན་ཤུགས་སླར་ཡང་མངོན་བཞིན་ཡོད།

2024ལོའི་སྤྱི་ཟླ8པའི་ཚེས3ཉིན་གྱི་ཐོ་རེངས་སུ་རི་བརྒལ་གྲོང་སྡེར་གློ་བུར་དུ་ཆུ་ལོག་བྱུང་བས་དམངས་ཀྱི་སྡོད་ཁང་ཁག་གཅིག་ལ་གཏོར་སྐྱོན་བཟོས་པ་དང་། འགྲམ་ནས་བསྐྲུན་པའི་རྒྱལ་ལམ318ཆད་པ། གཡག་མདོའི་མྱུར་བགྲོད་གཞུང་ལམ་གྱི་ཟམ་པ་རྡིབ་པའི་གནས་ཚུལ་བྱུང་།

ཛ་དྲག་དང་རྙོག་འཛིང་ཆེ་བའི་གནོད་སེལ་དུས་བབ་ཀྱི་མདུན་དུ་ཕྱོགས་ཁག་གིས་ཐོན་ཁུངས་དང་སྟོབས་ཤུགས་བཏོན་པ་དང་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་གནོད་ཐེབས་ཡུལ་གྱི་མཛེས་སྡུག་གི་ཁྱིམ་གཞིས་བསྐྱར་སྐྲུན་མགྱོགས་སུ་གཏང་ཆེད་འབད་འཐབ་བྱེད་བཞིན་ཡོད།

སྤྱི་ཟླ8པའི་ཚེས4ཉིན་གྱི་དགོང་མོར། གནོད་འཚེ་བྱུང་ནས་ཆུ་ཚོད40ཙམ་སོང་རྗེས་རྒྱལ་ལམ318པ་དར་མདོའི་ལམ་མཚམས་ཀྱི་འཚུབ་བསྟུན་བགྲོད་ལམ་བཟོས་ཐུབ་ཡོད།

སྤྱི་ཟླ8པའི་ཚེས7ཉིན་གྱི་སྔ་དྲོའི་ཆུ་ཚོད9པར་གནོད་འཚེ་བྱུང་ནས་ཉིན4སོང་རྗེས་དར་མདོའི་རྒྱལ་ལམ318པ་རི་བརྒལ་གྲོང་སྡེའི་གཞུང་ལམ་ཕྱོགས་གཉིས་སུ་རླངས་འཁོར་ཤར་གཏོང་ཐུབ་ཡོད།

སྤྱི་ཟླ8པའི་ཚེས17ཉིན་གནོད་འཚེ་བྱུང་ནས་ཉིན14སོང་རྗེས་རྨས་སྐྱོན་མི་སྣ་རེན་དབྱིན་ཧྭ་དྲག་ནས་སྨན་ཁང་ནས་ཐོན་པ་དང་གནོད་འཚེ་དེའི་རྐྱེན་གྱིས་རྨས་སྐྱོན་ཕོག་མཁན་ཚང་མ་དྲག་ནས་སྨན་ཁང་ནས་ཐོན་ཡོད།

སྤྱི་ཟླ8པའི་ཚེས20ཉིན་གནོད་འཚེ་ཐོན་ནས་ཉིན17སོང་རྗེས་གཡག་ཡེ་མྱུར་བགྲོད་གཞུང་ལམ་ལྕགས་ཟམ་ནས་དར་མདོ་བར་གྱི་གནོད་འཚེ་ཕོག་པའི་ལམ་མཚམས་བཟོས་ཐུབ་ཡོད།

སྤྱི་ཟླ8པའི་ཚེས20ཉིན་གྱི་ཉིན་དགུང་གསར་འགོད་པས་གནོད་འཚེ་ཚབས་ཆེན་ཕོག་པའི་གུར་དྲག་གྲོང་རྡལ་རི་བརྒལ་གྲོང་སྡེར་རྐོ་འདྲུའི་འཕྲུལ་འཁོར་ཆེ་གྲས་ཀྱིས་ས་རྡོ་དང་འདམ་བག་གཙང་སེལ་བྱེད་བཞིན་པ་དང་ཨར་ལས་མི་སྣ་དང་ས་གནས་དེ་གའི་མང་ཚོགས་མུ་མཐུད་དེ་བྲེལ་བཞིན་ཡོད་པ་མཐོང་། རི་བརྒལ་ལུང་ཤུར་གྱི་ཆུ་ལམ་དང་དམངས་ཀྱི་སྡོད་ཁང་མདུན་དུ་བྱེ་འདམ་སྤུངས་གསོག་ཉུང་དུ་ཕྱིན་པ། རྒྱལ་ལམ318པར་རླངས་འཁོར་རྒྱུན་ཆད་མེད་པར་འགྲོ་འོང་བྱེད་བཞིན་ཡོད། འགྲིམ་འགྲུལ་ཉེན་རྟོག་པས་ལས་གནས་བརྟན་སྲུང་བྱས་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་བཞིན་པ་མཐོང་།

དབྱི་པིན་ནས་ཡིན་པའི་བུད་མེད་ལི་ལགས་ཀྱིས་གསར་འགོད་པར་གཞུང་ལམ་རྒྱུད་དུ་ལམ་སྲུང་མི་སྣ་དང་དང་བླངས་ཞབས་ཞུ་སྒྲུབ་མཁན་ཡོད་པས་ང་ཚོའི་སེམས་དགའ་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་དུས་ཡུན་འདི་འདྲའི་ཐུང་བར་རླངས་འཁོར་ཤར་གཏོང་ཐུབ་པས་ངའི་ནང་མི་ཚང་མ་དཀར་མཛེས་སུ་ཡུལ་སྐོར་དུ་འགྲོ་རྒྱུའི་འཆར་གཞིར་འགོག་རྐྱེན་གཏན་ནས་ཐེབས་མ་བྱུང་ཞེས་བཤད།

ཡུལ་མི་ཀྲེང་ཆིའུ་ཕིང་གིས་ལྕགས་ཁེམ་ཁྱེར་ནས་ཁང་པའི་ནང་གི་འདམ་བག་གཙང་སེལ་བྱེད་བཞིན་ཡོད། རྔུལ་ཆུས་གྱོན་གོས་བརླན་པར་གྱུར་ནའང་ཁོས་སྔར་བཞིན་ཧུར་བརྩོན་བྱེད་ཞོར་གནོད་འཚེ་ཕོག་ནའང་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་རོགས་རམ་འོག་གནས་སྐབས་ཀྱི་གཞུང་ལམ་མགྱོགས་མྱུར་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སོང་། གོ་ཐོས་སུ་གློག་མཁོ་འདོན་སླར་གསོ་བྱེད་གྲབས་ཡོད་པས་ཚང་མ་ཡག་ཕྱོགས་སུ་འགྲོ་བཞིན་འདུག། ང་ཚོས་ཀྱང་རང་ཉིད་ཀྱི་ཁྱིམ་ཚང་བསྐྱར་སྐྲུན་ཡག་པོ་བྱ་དགོས་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། དར་མདོ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་འདོད་མོས་ལྟར་གནོད་འཚེ་ཐེབས་མཁན་མང་ཚོགས་གཉེན་ཉེ་གྲོགས་པོར་བརྟེན་ནས་ཁང་པ་གླ་རྒྱུ་བཀོད་སྒྲིག་བྱས་ཡོད། གནས་སྐབས་ཀྱི་ཁྱིམ་གཞིས་ལྷིང་འཇགས་ཡོང་རྗེས། ཡུལ་མི་ཉིན་ལྟར་གནོད་ཐེབས་ཁུལ་དུ་ཡོང་ནས་འདམ་བག་གཙང་སེལ་དང་ཁང་པ་གཙང་སེལ་བྱེད་ཀྱི་ཡོད། གྲོང་སྡེའི་བུ་ཕྲུག་ཚོས་སློབ་དུས་གསར་པར་རེ་སྒུག་བྱས་ནས་བསྡད་ཡོད།

རི་བརྒལ་གྲོང་སྡེའི་གནོད་ཐེབས་བསྐྱར་སྐྲུན་ཁྲོད་རིམ་ཁག་སྲིད་གཞུང་གིས་མཐོང་ཆེན་དང་བྱ་སྤྱོད་མགྱོགས་མྱུར་སྤེལ་ནས་མི་ཤུགས་དང་།དངོས་ཤུགས།ནོར་ཤུགས་བཅས་འབོར་ཆེན་བཏང་ཡོད། རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་མདུན་དུ་གདོང་མཆོང་བྱས་ནས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་མངོན་ཡོད། སྤྱི་ཚོགས་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོར་གྱི་ལག་པ་བསྲིངས་ནས་དངོས་པོ་ཞལ་འདེབས་སུ་ཕུལ་ཏེ་གཅེས་སེམས་ཕུལ། རི་བརྒལ་གྲོང་སྡེའི་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་ཀྱིས་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་ཀྱི་ཡོད།

གསར་འགོད་པས་དར་མདོ་གྲོང་ཁྱེར8·03གློ་བུར་དུ་ཐོན་པའི་ཆུ་ལོག་གནོད་འཚེ་ཐག་གཅོད་བཀོད་སྒྲིག་བཀོད་འདོམས་པུའི་གནས་སྤོ་བཀོད་སྒྲིག་ཚོ་ཆུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གནོད་འཚེའི་དབང་གིས་གུར་དྲག་གྲོང་རྡལ་གྱི་མི1248ལ་གནོད་འཚེ་ཕོག་པ་དང་མང་ཚོགས972བཀོད་སྒྲིག་འོས་འཚམ་བྱས་ཡོད། དུས་དེ་ནས་བཟུང་རང་ཁུལ་གྱིས་ས་ཆ་མང་ཆེ་བར་ཆར་ཆུ་འབབ་ཚད་ཆུང་དུ་ཕྱིན་པ་དང་དར་མདོའི་ས་ཁུལ་དུ་ཉིན་ཤས་བསྟུད་མར་གནམ་གཤིས་ཡག་པོ་བྱུང་ཡོད་པརེད།།

(ཀུན་དགས་བསྒྱུར།)