ཐོབ་དང་གོ་ས་མ་བསམ་མཚན་དང་སྙན་གྲགས་མ་རེ།།
མི་ཆེན་མཐོན་པོའི་ཁྲི་ལ་ཞེ་མེར་ཡང་ཡང་ལྡང་བའི།།
ལྷ་སའི་ཕོ་བྲང་རྩེ་ནས་བར་སྐོར་ཁྲོམ་ལ་ཆགས་པའི།།
བསིལ་ལྡན་ཁ་བ་བོད་པའི་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ།།
དམ་པའི་ལྷ་ཆོས་མ་མོས་སྲིད་དོན་ཞེ་ལ་མ་མཁོ།།
ལྷ་སའི་ཁྲོམ་གཞུང་ཉུལ་དུས་དུང་སེམས་འཁོར་བའི་མི་སྟེ།།
དབང་ཆེན་དཔོན་པོའི་སྲས་མོ་སྙིང་ལ་ཧ་ཅང་སྡུག་པས།།
བརྩེ་དུང་བདུད་རྩི་ཆང་གིས་སེམས་པ་ཡང་ཡང་མྱོས་སོང་།།
བརྩེ་དུང་འོ་ཆུ་མ་འདྲེས་དམ་བཅའི་མདུད་པ་གྲོལ་སོང་།།
ཕར་ལ་བརྩེ་བས་གཟིགས་ཀྱང་ཚུར་ལ་ཕྱིར་མིག་མེད་པའི།།
འབྱོར་ཆེན་མི་ཡི་བུ་མོ་གཞན་པའི་སྒོར་ཁར་འགྲིམ་པས།།
རིག་འཛིན་ཚངས་དབྱངས་རྒྱ་མཚོའི་སེམས་པར་རྨ་ཁ་བཞག་སོང་།།
སེམས་པ་ཆང་གིས་གསོས་ཏེ་སྐྱོ་གླུ་དབྱངས་སུ་གྱེར་དུས།།
ཆང་ཚང་ཨ་མ་རྒན་མོའི་ཆང་གི་བཟི་ཁ་ཚ་བ།།
ཆང་མའི་གཏམ་ལ་ཉོན་གྱིན་ཆང་གི་བཅུད་ལ་རོལ་བཞིན།།
ཆང་མ་མ་བཟང་བུ་མོའི་ཕྱོགས་སུ་ཟུར་མིག་ཤོར་སོང་།།
ལྷ་སའི་ཞོལ་ཆང་ཁང་གི་ཆང་དེའི་བཟི་ཁ་ཆེ་བ།།
ཆང་མ་ཡེ་ཤེས་མཁའ་འགྲོའི་འཛུམ་པའི་སོ་དཀར་ཡག་པ།།
ཆང་འཐུང་སྐུ་མགྲོན་དཀྱིལ་གྱི་རིག་འཛིན་ཚངས་དབྱངས་རྒྱ་མཚོ།།
ཆང་མའི་སེམས་སུ་སོང་བས་ཟུར་མིག་སྐར་མདའ་འཕངས་བྱུང་།།
ཚེ་ཡི་སྐྱ་ཡ་བསམའ་ནས་མི་འགྱུར་དམ་བཅའ་བཞག་ཀྱང་།།
གཏན་གྱི་འདུན་མར་བཅོལ་ནས་སྙིང་གཏམ་ཚིག་གསུམ་བཤད་ཀྱང་།།
གསར་འགྲོགས་ཨ་གསར་ཅན་མས་ཁྲེལ་དང་ངོ་ཚ་བོར་བས།
བརྩེ་དུང་ཆང་གིས་བཟི་བའི་ཚངས་དབྱངས་སེམས་པ་བསད་སོང་།།
བརྩེ་དུང་ཐག་པ་མ་ལྷོད་རེ་ཞིག་བསྒུགས་ན་འདོད་ཀྱང་།།
གཞན་པས་བསླུ་ཁྲིད་མཁས་པས་བུ་མོའི་བློ་ཁ་བསྒྱུར་སོང་།།
རིག་འཛིན་ཚངས་དབྱངས་རྒྱ་མཚོ་སྐྱོ་བ་དབྱངས་དང་བསྡེབས་ནས།།
གྱེས་གདུང་སེམས་པ་མནར་གྱིན་སེམས་ཀྱི་རེ་ཐག་ཆད་སོང་།།
སྡེ་སྲིད་བཀའ་བཀོད་བཙན་ཡང་ལྷ་བཟང་གཡོ་ཇུས་མཁས་རུང་།།
རིག་འཛིན་ཚངས་དབྱངས་རྒྱ་མཚོའི་བརྩེ་གྲོགས་ཟད་པ་མི་འདུག།
ལྷ་སའི་ཆང་ཁང་ནང་ནས་གསར་ཕྲད་བྱམས་པ་ཞིག་དང་།།
མཇལ་འཕྲད་ཁ་ཆད་བཞག་སྟེ་བརྩེ་བའི་གསང་གཏམ་གླེང་སོང་།།
བློ་སེམས་གཅིག་ཏུ་མཐུན་པས་བརྩེ་དུང་འོ་ཆུ་འདྲེས་བྱུང་།།
མི་སྤུས་དག་པའི་བྱམས་པས་ཚངས་དབྱངས་ཐུགས་སེམས་མ་བསད།།
ལྷན་འཛོམས་བྱུང་བའི་ཤུལ་ན་ཚེ་སྔོན་ལས་འཕྲོ་ཟད་པས།།
བྱམས་པ་ཁྲེལ་གཞུང་ཅན་མ་ལས་ཀྱིས་དགྲ་ལ་ཤོར་སོང་།།
མི་ཆེ་དཔོན་པོའི་སྲས་མོ་དམ་བཅའི་མདུད་སྣེ་གྲོལ་ཡང་།།
ཆང་མ་ཡེ་ཤེས་མཁའ་མགྲོ་ཞེ་དང་སྣང་བ་གྱུར་རུང་།།
བྱམས་པ“རིག་འཛིན་དབང་མོའི”བརྩེ་སེམས་ཆུ་ལས་གཙང་བས།།
ལྷ་སའི་ཕོ་བྲང་ནང་གི་ཚངས་དབྱངས་འགྱོད་དགོས་མི་འདུག།
༼ དམར་ཁ་ཚ། ༽